ལྗང་མདོག་གི་ཁ་དོག་ཅིག་གིས་རི་ལུང་ཐང་གསུམ་མཐའ་དག་སྔོ་ཡོམ་ཡོམ་དུ་བསྒྱུར་བའི་དོ་ནུབ། རྒྱུ་ཆ་ཤིང་ལས་གྲུབ་པའི་ཐོག་ཁང་གཉིས་པའི་པདྨ་འདབ་བརྒྱད་ཀྱི་ཁ་ནས་མར་ཟགས་འོང་བའི་ཆར་ཐིགས་རེ་རེ་ནི། འཁོས་ཆུང་གི་སེམས་པ་གསོ་བའི་རོལ་དབྱངས་ཡིན་ལ། ཡང་སྐབས་ལ་ལར་ཡུལ་ལྗོངས་ལ་བྱབས་ཁྲུས་བྱས་པའི་སྣང་བརྙན་རེ་རེ་ཡང་། འཁོས་ཆུང་ལ་ལྷིང་འཇགས་གནང་བའི་དཔལ་ཡོན་ཡིན། འཛད་མཐའ་མེད་པའི་དབྱར་ཁའི་ཆར་པ་ཟམ་ཟིམ་འདི་དག་ཁེར་རྐྱང་གི་ངལ་དུབ་བསལ་བའི་བདུད་རྩིའི་ཡོན་ཆབ་རེ་རེ་ཡིན་འོས།
ཞོགས་པར་རི་བོའི་བར་སྐེད་ན་ལང་ལོང་དུ་གཡོ་བའི་བདག་པོ་མེད་པའི་ཆུ་འཛིན་རབ་རིབ་འདི་དག་གིས། མཐོང་སྣང་གི་ཡུལ་ལྗོངས་ཧྲིལ་པོ་ཡོངས་སུ་སྒྲིབ་ཚེ། སྨྲེང་སེམས་ཁུར་བའི་བུད་མེད་ཅིག་གི་ངོ་གདོང་དང་མཚུངས། ནེའུ་གསིང་གི་འགྲམ་ངོགས་སུ་རང་བྱུང་དུ་བཞད་པའི་མེ་ཏོག་དག་གིས་མགོ་བོ་གཡུག་ཙམ་གཡུག་ཙམ་བྱེད་འོང་དུས། ང་ཡི་སེམས་ཀྱི་འཕར་ལྡིང་གི་སྒྲ་ཡང་ཇེ་མྱུར་ནས་ཇེ་མྱུར་དུ་ཕྱིན་འགྲོ། དབྱར་ཁ་འདིར་མཐོ་སྒང་གི་ས་ཆ་གང་དུ་སོང་ཡང་། རི་བོ་དང་གཙང་པོ་མཐའ་དག་སྣུམ་ཤིག་ཤིག་རང་བཞིན་ལས་མི་མངོན། དུས་ཚོད་འདིར། ད་ལྟའི་དུས་ཀྱི་མཐོང་སྣང་གི་ཡུལ་ལྗོངས་འདི་ཉིད། དགུན་ཟླ་བཞི་པའི་དུས་སུ། བདག་ལ་སུན་སྣང་གི་སེམས་བྱུང་འཁྲིད་པའི་ཡུལ་ལྗོངས་དེ་ཡིན་མིན་ལ་ཐེ་ཚོམ་གྱིས་གཟེབ་ཏུ་ལྷུང་།
རེད་ཡ། ཏག་ཏག་དུས་སྐབས་འདིར་ངས་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ལྟད་མོ་ལྟ་བཞིན་ཡོད། མེ་ཏོག་འདར་ཚུལ་དང་། ཆུ་བོ་བཞུར་ཚུལ། སྤྲིན་པ་འཁྲིགས་ཚུལ་དང་། གློག་འོད་འཁྱུག་ཚུལ། ད་དུང་འབྲུག་སྒྲ་གྲག་ཚུལ་སོགས་ལ་གཡེང་ནས་ཡོད། དེ་རིང་དབྱར་ཁའི་ཉིན་གཅིག་གི་དུས་ཚོད་དེ་ལྟར་གཡེང་བའི་ཁྲོད་དུ་ངང་གིས་འདས། ཕྲན་གྱི་མ་འོངས་པའི་མི་ཚེའི་དུས་ཚོད་མཐའ་དག་འདི་ལྟ་བུའི་དབྱར་ཁ་འབའ་ཞིག་གི་འཇིག་རྟེན་གྱི་ཀློང་ནས་རྫོགས་ཚིག་དགོད་ཐུབ་ན། དངོས་གནས་འཇིག་རྟེན་འདིར་གསོན་པའི་ཉིང་དགོས་འགྲུབ་སོང་བ་ཡིན་ལ། བློ་འགྱོད་ཅི་ཡང་མེད། སྤོབས་པ་ཆེན་པོས། ང་ཡི་མི་ཚེ་འདི་བདེ་སྐྱིད་ཀྱི་ཀློང་ནས་རྫོགས་ཚིག་འགོད་པའི་ངང་ཚུལ་སྨྲ་ཐུབ་བོ།།
དེ་ལྟར་བསམ་གཞིག་གི་འཁྲུལ་སྣང་ཀློང་ནས་དགོང་སྲོད་ལ་སླེབས་སོང་། དགོང་སྲོད་འདིར་གློག་འོད་ཆེམ་ཆེམ་དུ་འཁྱུག་ཅིང་། བར་མཚམས་སུ་འབྲུག་སྒྲ་རེའང་ཐོལ་གྱིས་གྲག་འོང་། ངས་སླར་ཡང་སྒེའུ་འགྲམ་འདི་ནས་དབྱར་ཁའི་མཚན་ལྗོངས་ལ་མྱོང་རོལ་བྱེད་པར་མོས། ཆར་པ་ཤག་ཤག་ཏུ་འབབ་པའི་སྒྲ་དབྱངས་ལ་མཉན་གྱིན་མཉན་གྱིན། སུས་ཀྱང་མཚོན་པར་མི་ནུས་པའི་རོལ་དབྱངས་སྙན་མོ་ཞིག་གྲག་པ་དང་མཚུངས། འབྱམས་ཀླས་པའི་མཚན་མོ་འདིར། ངས་གློ་བུར་དུ་རང་གི་སྙིང་ཉེ་བའི་མི་ཞིག་གི་ངོ་གདོང་དྲན་བྱུང་། ཤིན་ཏུ་སྐྱོ་ཉམས་ཀྱིས་བདག་ལ་བལྟས་ཡོད་པའི་རྣམ་འགྱུར་ཞིག་དྲན་བྱུང་། རེད་ཡ། དུས་སྐབས་དེར་ཆར་པ་ཟམ་ཟིམ་དུ་འབབ་ཅིང་། སྨུག་པ་ལང་ལོང་དུ་འཁྲིགས་པའི་ནམ་ཟླ་ཞིག་མིན་ཡང་། སྐབས་དེ་དུས་བདག་ལ་མངོན་པའི་ཞལ་རས་ཀྱི་སྣང་བརྙན་ཇི་བཞིན། དོ་ནུབ་སེམས་ཀྱི་མེ་ལོང་གི་ནང་དུ་གསལ་ལམ་ལམ་ཤར།
དུས་སྐབས་འདིར། ང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་བ་སྤུ་ཞིག་ཀྱང་འགྲེངས་སུ་བཅུགས། འདས་ཟིན་པའི་དོན་དུ་སྨྲེང་སེམས་ཀྱི་ཆུ་འཛིན་འཁྲིགས་པ་ནི་གླེན་རྟགས་ཤིག་སྟོན་པར་འདྲ་ཡང་། ནམ་ཟླའི་འཕེལ་འགྲིབ་ལ་སེམས་པ་ཞིབ་ཏུ་གླན་ན་ཡུལ་དངོས་གང་ཞིག་གིས་ཚམ་ཚོམ་མེད་པར་འདས་དོན་གྱི་སྣང་བརྙན་ཞིག་འདྲུད་འོང་བཞིན་འདུག་གོ།།
༼ ལྡེའུ་ནག། ༽
