ཞིང་ལས་བརྟན་ན་གནམ་འོག་བརྟན།། ལས་དར་བྱུང་ན་ཡུལ་སྡེ་རྒྱས།། ཀྲུང་གུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པར་དཀར་མཛེས་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁྱད་ཡོན་དང་ཡུལ་སྡེ་དར་རྒྱས་ཀྱི་གནས་བབ་ཆེན་པོར་དམིགས་ནས། ཁུལ་ཡོངས་ཀྱི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བཀོད་སྒྲིག་རྒྱུད་རིམ་ལྡན་པ་བྱས་ཏེ། ཚན་རྩལ་དང་སྦག་མེད། སྤུས་ཚད། སྤུས་རྟགས་བཅས་ཞིང་ལས་བཞི་སྤྱི་འདོམས་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་མཐོ་སྒང་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་བསྐྲུན་པར་ཤུགས་བསྒྲིལ་དགོས་པ་ཁ་གསལ་བཏོན་ཡོད། འདི་ནི་རང་ཁུལ་གྱི་གནས་ཚུལ་ལ་དམིགས་པའི་གཞི་གདན་སྲ་འདིང་དང་གཤོ་སྒྱུར་རིམ་སྤོར། དམངས་ཕྱུག་ཁུལ་དར་གྱི་འཐབ་ཇུས་བཀོད་སྒྲིག་ཡིན་ཞིང་། ཁུལ་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་སྤུས་སྤར་རབས་བརྗེ་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
སྐྱེ་ཁམས་མཐིལ་ཚད་བརྟན་སྲུང་དང་། མཐོ་སྒང་འབྲུ་མཛོད་བརྟན་པོར་བཟོ་དགོས། རི་སྔོ་ཆུ་དྭངས་ནི་དཀར་མཛེས་ཁུལ་གྱི་ཁྱད་ཡོན་ཆེས་ཆེ་བ་ཡིན་ཞིང་། སྐྱེ་ཁམས་ལྷད་མེད་ནི་འགྲན་རྩོད་ནུས་པ་གཙོ་བོ་ཡིན། ཁུལ་ཡོངས་ཀྱིས་རྨོ་ཞིང་མཐིལ་ཚད་བརྟན་སྲུང་དང་། ས་སྤྱད་ན་ངེས་པར་འདྲི་རྩད་བྱ་རྒྱུ་དོན་ལ་ནན་པོར་འཁྱོལ་བ། རྨོ་ཞིང་ཞིང་ལས་ཅན་མིན་པ་དང་བཟའ་འབྲུ་ཅན་མིན་པ་མཐའ་གཅིག་ཏུ་ནན་འགོག་བྱས་ཏེ། འབྲུ་རིགས་ཉེན་མེད་ཀྱི་སྲུང་ཡོལ་བརྟན་པོར་བཟོ་དགོས། ཞིང་བཟང་གིས་རྨང་གཞི་བརྟན་པོར་བཟོ་བ་རྒྱུན་འཁྱོང་དགོས་ཤིང་། ས་ཁོངས་ཡོངས་སུ་ཞིང་ར་ཚད་ལྡན་བསྐྲུན་དགོས། ཐེན་ཧྥུ་འབྲུ་མཛོད་རྫོང་བརྒྱ་ཡུག་སྟོང་ཞེས་པ་གསར་འཛུགས་ཤུགས་ཆེན་བྱས་ནས།ཞིང་བཟང་དང་སོན་བཟང་། འཕྲུལ་བཟང་། ཐབས་བཟང་བཅས་མཉམ་འདྲེས་ཟབ་མོ་བྱ་དགོས། འབྲུ་རིགས་འབོར་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་སྤར་བའི་བྱ་སྤྱོད་ལག་ལེན་བསྟར་བ་དང་། ནས་དང་ཞོག་ཁོག་སོགས་གཙོ་འབྲུའི་ཐོན་ནུས་བརྟན་པོར་བཟོ་དགོས། ས་བབ་ཆེས་མཐོ་སའི་མཐོ་སྒང་འབྲུ་རིགས་ཐོན་ལས་ཁྱུ་ཚོགས་འཛུགས་པར་འཚོལ་ཞིབ་བྱས་ནས་ཞིང་བཟང་གི་ཐོན་བབས་བརྟན་པོར་ཡོང་བ་དང་འབྲུ་མཛོད་འབྲུ་ཡིས་གང་བར་བྱ་དགོས།( པར་ངོས་གཉིས་པར་གཟིགས།)
