ཉིན་ཤས་གོང་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་ནས་མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་གསར་ཞིག་ཐོན་པ་སྟེ། ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཙོ་བོ་ཝ་ཁྲལ་ཕུག་ལམ་དང་ར་རྔ་ཁ་ཕུག་ལམ་གྱི་ཕུག་ལམ་གཡས་ཕྱོགས་དུས་མཉམ་དུ་ཕུག་ཐུབ་པ་བྱུང་ཡོད། ཕུག་ལམ་གཉིས་དུས་གཅིག་ཏུ་ཕུག་ཐུབ་པའི་འགག་རྩའི་མཚམས་ཚིགས་དེའི་ཐོག་ནས་ལས་གཞིའི་དཀའ་གནད་ཆེ་བའི་ཕུག་ལམ་ལས་གྲྭར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མཚོན་པ་དང་། དུས་ཡུན་རིང་པོར་ལམ་ཐིག་ཧྲིལ་པོའི་ལས་ཡུན་ལ་ཚོད་འཛིན་ཐེབས་པའི་བུམ་སྐེ་འཕྲང་འགག་བརྟོལ་ནས་རྗེས་མཐུད་ལམ་ངོས་གདིང་རྒྱུ་དང་། འཕྲུལ་གློག་སྒྲིག་སྦྱོར། ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་འབེན་འགྲུབ་པ་བཅས་ལ་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་པའི་ཕུག་ལམ་ཁག་དང་པོ་ཡིན་པའི་ཝ་ཁྲལ་དང་ར་རྔ་ཁའི་ཕུག་ལམ་གཉིས་ནི་ར་རྔ་ཁ་གྲོང་རྡལ་གྱི་ལ་གཟར་དུ་གནས་པ་དང་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་སྐྱེ་ཁམས་ཁུལ་གཙོ་བོར་གནས་ཡོད་པས་ཨར་ལས་ཀྱི་དཀའ་ཚད་རྒྱལ་ནང་གི་མཐོ་སྒང་ཕུག་ལམ་གྱི་སྔོན་ལ་སླེབས་ཡོད།
ཝ་ཁྲལ་ཕུག་ལམ་གཡས་པའི་སྤྱིའི་རིང་ཚད་ལ་སྨི3004ཡོད་པ་དང་། གཏིང་ཚད་མཐོ་ཤོས་སྨི399ཡོད། ར་རྔ་ཁའི་ཕུག་ལམ་གཡས་པའི་རིང་ཚད་ལ་སྨི1648ཡོད་པ་དང་། གཏིང་ཚད་མཐོ་ཤོས་སྨི333ཡོད་ཅིང་ས་གཤིས་ཀྱི་བརྟན་བརླིང་རང་བཞིན་ཧ་ཅང་ཞན་པ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔའི་བར་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་ལས་གྲྭ་ཧྲིལ་པོའི་བརྒྱ་ཆ60ལས་ཚར་པ་དང2028ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་ལས་ཚར་བའི་འཆར་གཞི་ཡོད། ལས་གཞི་གྲུབ་རྗེས་སི་ཁྲོན་བོད་འབྲེལ་ས་ཁུལ་དང་ཁྲེང་ཏུའུ་ཀླུང་ཐང་བར་སྦྲེལ་ཤུགས་ཆེ་རུ་ཕྱིན་ནས་ས་ཁོངས་ཀྱི་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏང་བ་དང་། ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་ཅིང་། བོད་འབྲེལ་ས་ཁུལ་གྱི་འགྲིམ་འགྲུལ་འགན་སྲུང་སྲ་བརྟན་ཡོང་བ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
