བེ་ཤ་ནི་བཟའ་བཅའི་རྒྱུ་ཆ་ཙམ་ཞིག་མ་ཡིན་པ། མཚོ་འཕགས་མཐོ་བའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡིན་མིན་གྱི་ཚད་འཇལ་བྱེད་ཅིག་ཀྱང་ཡིན། ཉེ་ཆར། ཉག་ཆུ་རྫོང་གིས་བེ་ཤ་དྲི་ཞིམ་གང་སར་ཁྱབ་ཅིང་རིག་གནས་སྟོབས་ཤུགས་དར་ཞིང་རྒྱས་ཞེས་པའི་སྐྱེ་ཁམས་རྩོམ་རིག་གི་གནས་ཚུལ་འཚོལ་སྡུད་དང་བགྲོ་གླེང་བྱེད་སྒོ་རབ་དང་རིམ་པ་ཁྲོད་ཀྱི་བྱེད་སྒོ་གལ་ཆེན་ཏེ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོ་གྲགས་ཅན་ཨ་ལེགས་གདན་དྲངས་ནས་ས་གནས་དེ་གའི་རྩོམ་རིག་གསར་རྩོམ་པ་དང་རིག་རྩལ་དགའ་ཞེན་པ་ཚོར་འཚོ་བ་ཁྲོད་ཀྱི་བེ་ཤ་ལ་དཔེ་དྲངས་ནས་སྐྱེ་ཁམས་རྩོམ་རིག་གསར་རྩོམ་གྱི་སློབ་ཁྲིད་ཐེངས་ཤིག་སྤེལ་བ་རེད།
ད་ཐེངས་ཀྱི་སློབ་ཁྲིད་ནི་རྒྱུན་སྲོལ་གྱི་རྩོམ་རིག་འཆད་ཁྲིད་དང་མི་འདྲ་སྟེ། ཨ་ལེགས་ཀྱིས་སློབ་ཁྲིད་འགོ་བཙུགས་མ་ཐག་སྤྱི་མཚན་གྱི་རིགས་པའི་གཞུང་ལུགས་དོར་ནས་ཐད་ཀར་ཉག་ཆུ་ཁའི་བེ་ཤིང་ནགས་ཚལ་སྟུག་པོའི་ཁྲོད་སྐྱེས་པའི་བེ་ཤ་ལ་དཔེ་དྲངས་ནས་སློབ་ཁྲིད་འགོ་བཙུགས། ཁོང་གིས་སྐྱེ་ཁམས་རྩོམ་རིག་ནི་ཡུལ་ལྗོངས་ལྷུག་རྩོམ་དང་གཏན་ནས་མི་གཅིག་པར་མ་ཟད། དངོས་ཟོག་གི་རིན་གོང་ཐོ་འགོད་བྱེད་པའམ་བཟའ་བཅའི་བྲོ་བར་བསྔགས་བརྗོད་བྱེད་པ་ཙམ་གཏན་ནས་མིན་ཞིང་། སྐྱེ་ཁམས་རྩོམ་ཡིག་ངོ་མ་ཞིག་བྲི་དགོས་ན་དང་ཐོག་རང་བྱུང་ཁམས་ཆེན་མོར་ཆ་རྒྱུས་ལོན་དགོས། དཔེར་ན། བེ་ཤ་དང་བེ་ཤིང་བར་གཅིག་ལ་གཅིག་རྟེན་གྱི་མཉམ་གནས་འབྲེལ་བ་དང་། བེ་ཤ་དང་ས་གཤིས་བར་གྱི་འཁོར་རྒྱུག་ཕྲ་མོའི་འབྲེལ་བ། བེ་ཤ་དང་མཐོ་སྒང་གནམ་གཤིས་བར་གྱི་ཚོར་བ་སྐྱེན་པོའི་འབྲེལ་བ་སོགས་རྒྱུས་ལོན་བྱ་དགོས། སྐྱེ་ཁམས་གསར་རྩོམ་ནི་ཕྱི་རོལ་ཡུལ་ལྗོངས་ཙམ་གྱི་མཐོང་ཚོར་ཙམ་དུ་ལུས་ན་རང་བྱུང་གི་བྱ་དངོས་ཐམས་ཅད་ཀྱི་ནང་གནས་གཏན་ཚིགས་ལ་དོ་སྣང་མེད་པར་འགྱུར་སྲིད།
ད་སྔའི་གསར་རྩོམ་ཁྲོད་རྒྱུན་མཐོང་གི་མཛེས་ཉམས་ཁྱད་ཆོས་ཁོ་ན་བཏོན་པའི་ནོར་འཁྲུལ་ལ་དམིགས་ཏེ། ཨ་ལེགས་ཀྱིས་སྤུས་ཀ་ལེགས་པའི་རྩོམ་རིག་བརྩམས་ཆོས་ལ་མཚོན་ན“རྒྱང་རིང་གི་མཛེས་ལྗོངས”ཁོ་ནར་དམིགས་མི་རུང་བར“མཛེས་ལྗོངས་སྲུང་སྐྱོང་གི་བྱ་སྤྱོད”དེ་བས་གཙོ་བོ་འཛིན་དགོས་པའི་དྲན་སྐུལ་བྱས་པ་རེད། ཁོང་གིས་ས་གནས་དེ་གའི་རྩོམ་པ་པོས་རྒྱུན་ལྡན་ལ་གཞི་བཙུགས་ནས་ནགས་སྲུང་བའི་རི་སྐོར་ཉིན་ཐོ་དང་། ནགས་རྒྱ་བསྡོམས་རྗེས་ཀྱི་ནགས་ས་ཉམས་གསོ། སྡེ་ཁུལ་ཐུན་མོང་དོ་དམ་ཁྲོད་ཀྱི་འགྲན་རྩོད་དང་ཐུན་མོང་གི་ངོས་འཛིན་བཅས་ལ་དོ་ཁུར་བྱ་དགོས་པར་བསྐུལ། ལྟ་ཞིབ་དེ“མཛེས་ལྗོངས་ལ་ལྟ་བ”ནས“འཕེལ་རིམ་ལ་ལྟ་བའི”ཕྱོགས་སུ་སྒྱུར་ཚེ་སྐྱེ་ཁམས་རྩོམ་རིག་དེ་ད་གཟོད་སྦག་མེད་འཕེལ་རྒྱས་གཉེར་མཁན་དང་བདེན་དཔང་བྱེད་མཁན་དུ་འགྱུར་ཐུབ།
ཨ་ལེགས་ཀྱིས་ཆུ་ཚོད་གཉིས་ལྷག་གི་འཆད་ཁྲིད་ཁྲོད་བརྟག་ཐབས་སྨྲ་བ་གསར་རྩོམ་ཐད་མཛུབ་སྟོན་བྱས་ཡོད་ལ་ཉག་ཆུ་ཁའི་ས་ཁོངས་ཁྱད་ཆོས་ལ་བསམ་གཞིག་ཟབ་མོ་ཡང་བཏང་ཡོད། ཕན་ཚུན་བསམ་བློ་བརྗེ་རེས་ཁྲོད་དེ་བཞུགས་ཀྱི་སློབ་མ་ཚོས་ཚན་རིག་ཤེས་བྱ་དང་རྩོམ་རིག་གི་བསམ་ཚོད་དོ་སྙོམས་ཇི་ལྟར་བྱ་རྒྱུ་དང་བེ་ཤ་ཆུང་ཆུང་ཞིག་གི་ངོས་ནས་སྤྱི་ཁོག་གི་གཙོ་དོན་ཇི་ལྟར་མཚོན་པ་སོགས་ཀྱི་དྲི་བ་བཏོན་པར་ཨ་ལེགས་ཀྱིས་དྲིས་ལན་ཡིད་ཚིམས་པ་བཏབ་ནས་སློབ་མ་ཚོར་ཕན་ཐོགས་ཡོད། དེར་བཞུགས་སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་ད་ཐེངས་སློབ་ཁྲིད་ནི་སྲོལ་རྒྱུན་སྐྱེ་ཁམས་རྩོམ་འབྲིའི་བསམ་གཞིག་གི་བཀག་རྒྱ་ལས་བསྒྲལ་ནས་ས་གནས་དེ་གའི་རྩོམ་རིག་གསར་རྩོམ་ཐད་ཁ་ཕྱོགས་གསལ་པོ་བསྟན་པ་དང་ལྟ་རྒྱ་ཐོས་རྒྱ་ཆེ་རུ་སོང་ཞེས་བཤད།
སློབ་ཁྲིད་གྲོལ་རྗེས། ཉག་ཆུ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་པ། ས་གནས་དེ་གའི་ན་གཞོན་རྩོམ་པ་པོ་གཡང་འཛོམས་ལྷ་མོས་དགའ་ཚོར་ཆེན་པོའི་སྒོ་ནས་ད་ཐེངས་ཀྱི་སློབ་ཁྲིད་ཉན་རྗེས་ཉག་ཆུ་ཁའི་གཏམ་རྒྱུད་ནི་རྒྱང་རིང་པོ་ཞིག་མ་ཡིན་པར་ཉེ་འགྲམ་གྱི་རི་བོ་རེ་རེ་དང་། ཤིང་སྡོང་རེ་རེ། ཤ་མོ་རེ་རེ། ཁྱིམ་ཚང་རེ་རེ་སོགས་ཕན་ཚུན་གྱི་འབྲེལ་བ་ཟབ་མོ་ཁྲོད་ནས་ཡོད་པ་ཤེས་བྱུང་། གཞི་རིམ་གསར་རྩོམ་པ་ཞིག་གི་ངོས་ནས་བཤད་ན། གསར་རྩོམ་བསམ་གཞི་ཐད་བློ་འབྱེད་ཆེན་པོ་ཐོབ་པར་མ་ཟད། མུ་མཐུད་རྩོམ་འབྲིའི་ལས་ལ་འབད་པའི་གདེང་ཚད་ཆེན་པོ་ཞིག་ཀྱང་སྐྱེས་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ཉག་ཆུ་ཁ་ས་ཆའི་ནགས་ཚལ་དང་། རྩྭ་ཐང་། ཤ་མོའི་རིགས། བོད་རིགས་སྤྱི་ཚོགས་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ལ་བརྟེན་ནས་ས་གནས་དེ་གའི་རྩོམ་རིག་ཤེས་ལྡན་མི་སྣ་དང་རྒྱལ་ཡོངས་ཀྱི་རྩོམ་པ་པོ་གྲགས་ཅན་བར་འབྲེལ་འདྲིས་འབྱུང་བའི་གོ་སྐབས་བཟང་པོ་ཞིག་ཡིན་ལ། རྩོམ་རིག་གི་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། ཡུལ་སྡེ་རིག་གནས་དར་རྒྱས་བཅས་ལ་དམིགས་ཏེ། རྗེས་མར་གཙོ་དོན་བགྲོ་གླེང་དང་གསར་རྩོམ་རོགས་སྐྱོར་སོགས་བྱ་ཐབས་སྣ་མང་ཐོག་ནས་རྫོང་ཁོངས་ཀྱི་སྐྱེ་ཁམས་རིག་གནས་སྙིང་བཅུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རང་ས་རང་ཡུལ་གྱི་གསར་རྩོམ་གྱི་སྟོབས་ཤུགས་གསར་པ་སྐྱེད་སྲིང་། དབྱེ་འབྱེད་མངོན་པར་གསལ་བའི་ཉག་ཆུ་ཁའི་རྩོམ་རིགIPཤུགས་ཆེན་པོས་བསྐྲུན་ནས་ཉག་ཆུ་ཁའི་གཏམ་རྒྱུད་དེ་སྐྱེ་ཁམས་རྩོམ་རིག་ལ་བརྟེན་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མ་འོངས་པར་བསྐྱོད་ཐུབ་པར་བྱ་རྒྱུ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)
