( པར་ངོས་དང་པོར་མཐུད།)ཁྱད་ཆོས་ཐོན་ལས་གཉེར་ཤུགས་ཆེ་རུ་གཏོང་ཞིང་། གནས་བབ་སྣ་མང་འཛུགས་ཐུབ་པ་བྱ་དགོས། ཐོན་ཁུངས་ཀྱི་ལེགས་ཆ་ལ་དམིགས་ཏེ། གཙང་གསུམ་རྒྱུད་དྲུག་དེང་རབས་ཞིང་ལས་ཐོན་ལས་ཁུལ་འཛུགས་ཤུགས་ཆེ་རུ་བཏང་ནས་ཁྱད་ཆོས་རྟེན་གཞི་མུའུ་འབུམ་བདུན་ཡན་ཡོང་ཐུབ་པ་བྱ་དགོས། ཐོན་རྫས་བཟང་པོར་དམིགས་ནས། འབྲོག་ལས་དུང་ཕྱུར་བརྒྱ་རིམ་པ་དང་དཔལ་འབྱོར་ལོ་ཏོག་དང་ནགས་རྩྭ་དུང་ཕྱུར་ལྔ་བཅུ་རིམ་པ། འདེབས་གསོ་ཐོན་ལས་འབྲེལ་ཐག་དུང་ཕྱུར་བཅུ་རིམ་པ་བཅས་ཀྱི་རྒྱ་སྟོབས་ཆེ་རུ་གཏང་དགོས། ནོར་གནག་དར་རྒྱས་བྱ་སྤྱོད་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྫི་བོ་གསར་པ་གསོ་སྐྱོང་དང་ནོར་གནག་འཚར་སྐྱེ། གཟན་རྩྭ་དར་རྒྱས་བཅས་ཀྱི་འཆར་འགོད་སྤེལ་ཞིང་། རྟེན་གཞི་ཆེན་པོ་བཞི་བསྐྲུན་ཏེ། རྒྱལ་ཡོངས་སྐྱེ་ལྡན་ལྷད་མེད་ནོར་གནག་ཐོན་ལས་ཀྱི་དཔེ་སྟོན་བརྩོན་ལེན་བྱ་དགོས། དེར་བསྟུན་བོད་ཕག་གི་སྤུས་འབྲས་སྤར་བ་དང་འཁྱག་ཉ་སྐྱེ་ཁམས་གསོ་སྤེལ། བེ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་ནགས་འོག་ཐོན་ཁུངས་ཟབ་ཏུ་བསྔོགས་ཏེ། རྫོང་རེ་ལ་སྤུས་རྟགས་རེ་དང་ས་ཁོངས་ཡོངས་ལ་རོགས་འདེགས་ཐུབ་པའི་ཐོན་ལས་གནས་བབ་གསར་པ་བསྐྲུན་དགོས།
ཚན་རྩལ་གྱིས་རྒྱབ་སྐྱོར་ཆེ་རུ་གཏོང་ཞིང་། གཤོ་སྒྱུར་རིམ་སྤར་ཡོང་བར་བསྐུལ་དགོས། སྲོལ་རྒྱུན་ཞིང་འབྲོག་ལས་དེ་དེང་རབས་ཐོན་ལས་ཕྱོགས་སུ་མཆོང་བརྒལ་ཡོང་བའི་གནད་འགག་ནི་ཚན་རྩལ་ལ་ཐུག་ཡོད། ཞིང་ལས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་ཧུར་ཐག་སྐྱོང་བ་དང་། གནམ་ལ་བརྟེན་ནས་ཟ་མ་ཟ་བ་དེ་ཚན་རྩལ་ལ་བརྟེན་ནས་ཕན་འབྲས་ཐོན་པར་བསྒྱུར་དགོས། ཁུར་ལེན་སྣེ་ཁྲིད་ཀྱི་ལམ་སྲོལ་ལག་ལེན་བསྟར་བ་དང་། ཐོན་སྐྱེད་དང་། སློབ་སྦྱོང་། ཚན་ཞིབ། ལག་ལེན་བཅས་མཉམ་འདྲེས་ཟབ་མོ་བྱས་ནས། ཚན་ཞིབ་གྲུབ་འབྲས་ཐོན་ལས་གླིང་དང་རྫོང་། ཡུལ་ཤོག་བཅས་སུ་སྤྱད་དགོས། མཚོ་འཕགས་མཐོ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། ཞིང་འཕྲུལ་སྒྲིག་ཆས་ཆུང་གྲས་དང་ཤེས་ནུས་ཅན་ཁྱབ་གདལ་གཏོང་བ་དང་། སོན་ལས་དར་རྒྱས་དང་། རིག་ནུས་ཅན་བསྒྱུར་བཀོད་དང་ཨང་ཀི་ཅན་གཤོ་སྒྱུར་ཡོང་བ། བློ་གྲོས་ལྡན་པའི་ཞིང་འབྲོག་ར་བཀོད་སྒྲིག། དན་གྲངས་ཆེན་པོ་དང་དངོས་འབྲེལ་དྲ་བ་སོགས་ལག་རྩལ་གསར་པས་མཐོ་སྒང་ཞིང་འབྲོག་ལས་ཀྱི་གསོན་ཤུགས་བསླང་དགོས།
ཐོན་ལས་འབྲེལ་ཐག་བསྲིང་བ་དང་། གསེར་བྱང་གྲགས་རྟགས་ཆེ་རུ་གཏང་དགོས། ཐོན་ལས་སྟོབས་ཆེ་དགོས་ན་མ་ལག་ངེས་པར་བཟང་པོ་ཡིན་དགོས། དེང་རབས་ཞིང་ལས་ཚོང་གཉེར་མ་ལག་འཐུས་ཚང་དུ་གཏོང་ཞིང་། ཞིང་ལས་སྣེ་ཁྲིད་ལས་གཞི་ལག་ལེན་བསྟར་བ། རྐང་འཛིན་ཁེ་ལས་དུང་ཕྱུར་རིམ་པ་གསོ་སྐྱོང་བྱེད་ཅིང་། ཞིང་དུད་ཆུང་ངུ་མཉམ་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱ་དགོས། ཐོན་ལས་དང་པོས་རྨང་གཞི་འདིང་བ་དང་། གཉིས་པའི་འབྲེལ་ཐག་སྲིང་བ། གསུམ་པས་རོགས་འདེགས་བྱེད་པ་རྒྱུན་འཁྱོངས་ཤིང་། འབྲུ་དང་སྣུམ། ཤ། འོ་མ། སྔོན་བཟོས་བཟའ་བཅའ་བཅས་ལས་སྣོན་ཞིབ་ཚགས་ལ་དམིགས་ནས་མི་འདང་ས་ཁ་གསབ་བྱ་དགོས། ཡུལ་ལྗོངས་མཛེས་ཆེན་དང་ཡུལ་སྲོལ་ལ་བརྟེན་ནས་མཛེས་ལྗོངས་ཞིང་ལས་དང་ཞིང་ར་གནས་ཚང་སོགས་ལས་རྣམ་གསར་པ་བསྐྱངས་ཏེ། ཞིང་ལས་དང་རིག་གནས། ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བ་བྱ་དགོས། དེ་དང་ཆབས་ཅིག། སྐྱེ་ལྡན་ལྷད་མེད་ཁུལ་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། ཐོན་རྫས་གསུམ་དང་ས་གཤིས་མཚོན་རྟགས་གཅིག་གི་ལིང་བསྟར་ཆེ་རུ་གཏོང་བ། གནས་མཆོག་དཀར་མཛེས་དང་ལྷ་གཡག་དཀར་མཛེས་ཀྱི་ས་ཁོངས་སྤུས་རྟགས་ཇེ་ཆེར་གཏོང་ཞིང་། འཁྱག་འབྲེལ་ཟོང་འགྲུལ་དང་གློག་ཚོང་ཐབས་ལམ་བདེ་མོར་བཟོས་ཏེ། མཐོ་སྒང་གི་ཐོན་རྫས་ཡག་པོ་རི་ཆེན་བརྒལ་ནས་ཁྲོམ་རར་ཁྱབ་པར་བྱ་དགོས།
འགྲོ་ལམ་རྒྱང་རིང་བས་དངོས་སྒྲུབ་མི་བྱེད་ཐབས་མེད་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཐོན་ལས་དམ་འཛིན་དང་། དལ་མེད་ཧུར་སྐྱོད་ཀྱིས་རིམ་པ་སྤར་བ། ཐོན་འབྲས་ཆེ་བ་དང་སྐྱེ་ཁམས་བཟང་པོ། སྤུས་འབྲས་ལེགས་པ་བཅས་ཀྱི་མཐོ་སྒང་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་ཤུགས་ཆེན་བསྐྲུན་ཏེ། ཡུལ་སྡེ་དར་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འབྱོར་གྱི་དྲིས་ལན་གསར་པ་བྲི་དགོས་སོ།།
( སྐལ་ཐུབ་དང་རྒྱ་མཚོས་བསྡུས་ནས་བསྒྱུར།)
