( པར་ངོས་དང་པོར་མཐུད།)
སྨན་ཤོད་གྲོང་རྡལ་ནི་ཞིང་ཆེན་རིམ་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྱི“ཚོད་ལྟ་བྱེད་གནས་གཉིས”ཀྱི་ས་ཁོངས་གཙོ་བོ་ཤིག་རེད། ཀྲའོ་པོ་སྔ་རྗེས་སུ་སྨན་ཤོད་གྲོང་རྡལ་ལག་ཤེས་བཟོ་སྐྲུན་འགྲེམས་ཚོང་ལྟེ་གནས་དང་། རྫོང་སར་བོད་ལུགས་སྨན་ཁང་། མཁྱེན་ལི་བཟོ་ཁང་སོགས་སུ་ཕེབས་ཏེ་ཡུལ་དངོས་སུ་མི་རིགས་ལག་ཤེས་བཟོ་རྩལ་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་། ཁྱད་ཆོས་རིག་འཆར་ཐོན་རྫས་ཐོན་འཚོང་། བོད་ལུགས་གསོ་རིགས་སྲུང་སྐྱོང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། ཁོང་གིས་སྨན་ཤོད་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་གྱི་ནང་དོན་གཏིང་མཐུག་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས་མང་ཚོགས་འབབ་འཕར་ཕྱུག་འབྱོར་ལ་སྐུལ་བའི་ཁྱད་ཡོན་ཐོན་ལས་ཤིག་རེད། སྲུང་སྐྱོང་སྔོན་ལ་འཇོག་པ་དང་། བརྒྱུད་འཛིན་རྩ་བར་འཛིན་པ། འཚོ་བར་མཉམ་འདྲེས་བྱེད་པའི་འཕེལ་རྒྱས་འདུ་ཤེས་བཅངས་ནས། གཟུགས་མེད་རིག་གནས་ཤུལ་བཞག་ལ་བརྟེན་པའི་མཉམ་འདྲེས་འཕེལ་རྒྱས་ཐབས་ལམ་བསྐྱེད་དེ་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་ཐོན་རྫས་ཀྱི་རྣམ་པ་གསར་དུ་བཏོད་ནས་མི་རིགས་ལག་ཤེས་བཟོ་རྩལ་གྱི་གསོན་རྣམ་བརྒྱུད་འཛིན་དང་ནང་དོན་ཕུན་སུམ་ཚོགས་པོར་བསྐུལ་དགོས། རྫོང་ས་བོད་ལུགས་གསོ་རིག་བརྒྱུད་འཛིན་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས་ཡག་མོ་ནན་ཏིག་བྱེད་ཅིང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྱད་ཆོས་སྨན་བཅོས་སོགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་བོད་ལུགས་གསོ་རིག་རང་ཡུལ་གྱི་ཁྱད་ཆོས་སྤུས་རྟགས་གསལ་པོར་བཟོ་དགོས། རིག་གནས་བརྒྱུད་འཛིན་དང་ཐོན་ལས་འཕེལ་རྒྱས། ཡུལ་སྡེ་དར་རྒྱས་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱུན་ཚུལ་ཅན་གྱི་ཁེ་ཕན་ཟུང་འབྲེལ་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། གཞོན་ནུ་ལག་ཤེས་པ་གསོ་སྐྱོང་དང་རོགས་སྐྱོར། འཚར་ལོངས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་མང་ཚོགས་འབབ་འཕར་ཕྱུག་འབྱོར་ཡོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས།
མ་ཎི་གད་འགོ་གྲོང་རྡལ་གྱི་ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་ཁུལ་དུ་ཀྲའོ་པོ་ཡིས་གླིང་ཁུལ་གཉེར་སྐྱོང་དོ་དམ་དང་སྦག་མེད་ནུས་ཁོངས་གསར་སྤེལ་སོགས་ལས་དོན་ངོ་སྤྲོད་ལ་གསན་པ་དང་། གཟན་རྩྭ་ཐོན་སྐྱེད་དང་ལས་སྣོན་བྱས་ཚུལ་ལ་ལྟ་ཞིབ་གནང་བར་མ་ཟད། གླིང་ཁུལ་གྱི་ད་སྔར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གནང་བ་དང་སྦྲགས། གླིང་ཁུལ་གྱིས་ཁུལ་ཡོངས་ཀྱི་ལྷ་གཡག་དཀར་མཛེས་ཞེས་པའི་ནོར་གནག་ཐོན་ལས་བཀོད་སྒྲིག་ལ་དམ་པོར་འབྲེལ་ནས་ཤེས་ནུས་ཞིང་ལས་དང་ཞིང་ལས་རིག་ནུས་ཅན་སྒྱུར་བཀོད་དང་ཨང་ཀི་ཅན་གཤོ་སྒྱུར་ཁྱབ་གདལ་ཤུགས་ཆེན་བཏང་ནས་མགོ་སྒང་ཞིང་འབྲོག་ལས་དེ་སྲོལ་རྒྱུན་རགས་ལས་ནས་དེང་རབས་ཆོད་ཆེའི་ཕྱོགས་སུ་སྒྱུར་བར་སྐུལ་བའི་ཐུགས་རེ་གནང་།
དགོན་ཆེན་གྲོང་རྡལ་དགོན་ཆེན་དགོན་དུ་ཀྲའོ་པོ་ཡིས་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པ་དང་ཁ་བརྡ་ལབ་ཅིང་། དགོན་པ་ཁྲིམས་ལྟར་དོ་དམ་དང་དེ་བཞིན་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བའི་འགན་སྲུང་གནས་ཚུལ་སོགས་ཀྱི་ལས་དོན་སྙན་ཞུར་གསན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སྒྲོག་སྦྱོང་ལག་ལེན་བསྟར་ཚུལ་སོགས་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཁྲིམས་སྦྱོང་སྒྲིག་ཤེས་སྔོན་ལ་བྱེད་ཅིང་སྡོམ་པ་གཙང་བཞེས་རྩ་བར་འཛིན་པ། རྒྱུན་དུ་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་སློབ་སྦྱོང་དང་། ཐོས་བསམ་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ། ཁྲིམས་སྒྲིག་ལམ་སྲུང་བ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་པ་འདོན་ཐུབ་པའི་དགེ་འདུན་པ་ཚད་ལྡན་བྱ་དགོས་པའི་ཐུགས་རེ་གནང་བ་རེད།
ད་ལྟ་དབྱར་ཁའི་གུང་གསེང་ཡུལ་སྐོར་མང་བའི་དུས་ཚིགས་ཡིན་པས་ཀྲའོ་པོ་ད་དུང་སྡེ་དགེ་རྫོང་ཡིད་ལྷུང་ལྷ་མཚོ་ལྗོངས་ཁུལ་དུ་ཡུལ་སྐོར་ཞབས་ཞུའི་འགན་ལེན་དང་རིག་གནས་ཡུལ་སྐོར་ཁྲོམ་ར་གཉེར་སྐྱོང་ལས་ཁར་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།
རྟོག་ཞིབ་ཁྲོད་ཀྲའོ་པོ་ཡིས་གཞི་རིམ་ལས་བྱེད་པ་དང་ལས་བཟོ། དགོན་པའི་དགེ་འདུན་པ་ཚོར་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྙིང་དོན་གསལ་འགྲེལ་གནང་བ་རེད། ཁོང་གིས་སྡེ་དགེ་རྫོང་གིས་རྫོང་ཡོངས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས་རང་ངོས་བྱེད་ནུས་ཚད་དཔོག་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཐོན་ལས་འཕེལ་རྒྱས་དང་། ཡུལ་སྡེ་དར་རྒྱས། རིག་གནས་བརྒྱུད་འཛིན། གཞི་རིམ་བཅོས་སྐྱོང་། བདེ་འཇགས་བརྟན་ལྷིང་སོགས་གཙོ་གནད་ལས་དོན་ཁག་དམ་འཛིན་ནན་པོ་བྱེད་ཅིང་། མི་འདང་སར་ཁ་གསབ་དང་། ཞན་ཆ་བསྐང་བ། ཁྱད་ཡོན་སྤེལ་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྟོབས་ཤུགས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།།
( ལྷ་འཛོམས་དང་རྒྱ་མཚོས་བསྒྱུར།)
