དབྱར་གསུམ་མེ་ཏོག་གི་མཛེས་སྡུག།
ཡངས་མོ་སྤང་ཐང་ལ་བཞད་དུས།།
རྐང་དྲུག་གཡུ་སྦྲང་དེ་གཞོན་ནུ།།
དབྱར་གྱི་དྲན་ཤིང་རང་ཡིན་སོང་།།
སྔོ་ལྗང་རྩི་ཤིང་གི་ལང་ཚོ།།
ཟིལ་བའི་རོལ་བཅུད་ཀྱིས་མྱོས་དུས།།
ཟམ་ཟིམ་སྨུག་ཟིལ་གྱི་བདུད་རྩི།།
དབྱར་གྱི་དྲན་ཤིང་རང་ཡིན་སོང་།།
ཤག་ཤག་ཆར་པ་ཡི་ཐིགས་པ།།
རི་ལུང་ཐང་གསུམ་ལ་གཏོར་དུས།།
གཡུ་འབྲུག་སྔོན་མོ་ཡི་སྐད་སྙན།།
དབྱར་གྱི་དྲན་ཤིང་རང་ཡིན་སོངཔ།།
ཚང་ཚིང་ལྗོན་པ་ཡི་ཚལ་དུ།།
འདབ་ཆགས་གསུང་སྐད་དེ་སྒྲོག་དུས།།
གསུང་སྙན་འཇོལ་མོ་ཡི་དྲུག་འགྱུར།།
དབྱར་གྱི་དྲན་ཤིང་རང་ཡིན་སོང་།།
དྭངས་གསལ་ཆུ་མོ་ཡི་ཁྲོད་དུ།།
ལྡེམ་མྱུར་འཁྱུག་རྩལ་ལ་རོལ་བའི།།
མཛེས་ལྡན་གསེར་མིག་དེ་ཉ་མོ།།
དབྱར་གྱི་དྲན་ཤིང་རང་ཡིན་སོང་།།
སྔོ་སངས་མཁའ་དབྱིངས་ཀྱི་དབུས་ན།།
བསིལ་བསིལ་རླུང་བུ་ཡིས་བསྐྱོད་པའི།།
སྤྲིན་དཀར་མེ་ཏོག་གི་ཚོམ་བུ།།
དབྱར་གྱི་དྲན་ཤིང་རང་ཡིན་སོང་།།
དབྱར་གཞུང་ལང་ཚོ་ཡི་མཛེས་པ།།
སྐྱེ་འགྲོའི་སྤྱན་ཟུང་གི་བདུད་རྩི།།
སྤྲོ་དགའི་ཡིད་སེམས་རང་འཁོར་ས།།
རེ་སྒུག་ལོ་ཟླ་ལ་བཅོལ་ཡོད།།
༼ གཡུ་ཆུང་། ༽
