国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གྱི་མེ་ཏོག་ སྣ་ཚོགས།

སྤང་གཞུང་པདྨ་དགོད་པའི་ངང་ཚུལ་གྱིས།།

སེམས་ཀྱི་གཏིང་ལ་དགའ་བདེ་ཅི་ཙམ་སྒྲུབ།།

དེ་ལྟ་ན་ཡང་དུས་ཀྱི་འགྱུར་ལྡོག་ཁྲོད།།

མཛེས་སྡུག་འཇའ་ཚོན་དག་ནི་སྐད་ཅིག་ཙམ།།

མི་རིང་སྟོན་གྱི་ནམ་ཟླ་འབྱུང་བའི་གཞིར།།

པདྨ་རྣམས་ཀྱང་ལོ་མ་དང་བྲལ་ནས།།

སྙིལ་བའི་གཤིས་སུ་ཟུམ་པ་ཡོད་ཀྱང་རུང་།།

ད་ལྟའི་ཉམས་ལས་འོད་ཀྱི་གཟི་མདངས་ཕུབ།།

བདག་ནི་འཁོར་བའི་འཁྲིས་ཀྱི་རང་བྱུང་གི།།

རི་སྐྱེས་མེ་ཏོག་དག་ལ་ཧ་ཅང་མོས།།

དེ་བས་དབྱར་གསུམ་དུས་ཀྱི་སྐལ་བཟང་ལ།།

ཕྱི་རོལ་འཆམ་འཆམ་ཕྱིན་པའི་ཞོར་ཞིག་ལ།།

དཀར་དམར་སྣ་ཚོགས་གཅིག་ཏུ་འཛོམས་དང་ལྷན།།

རང་རང་མཛེས་སྡུག་ལྟ་ན་སྡུག་པ་དེ།།

ཕལ་བའི་འདྲེན་བྱེད་ཟུང་ལ་སྨིན་པའི་དུས།།

མངོན་མཐོ་ལྷ་ཡུལ་ཉམས་ཤིག་འདི་ནས་མཐོང་།།

འདི་ཡི་འཇོ་སྒེག་ཆུ་སྐྱེས་པདྨའི་ཚོགས།།

ཇི་ལྟར་འཛུམ་དམུལ་ཁོ་ནས་ཁེངས་པ་ལྟར།།

ན་གཞོན་དར་མའི་རེ་བའི་འདུན་པ་ཡང་།།

རྒྱང་དུ་གཏད་ནས་རྒྱང་དུ་བགྲོད་པའི་དུས།།

ངག་འཇམ་གྲེ་བའི་འགྱུར་ཁུག་ཟབ་མོ་ཞིག །

རྣ་བའི་བཅུད་དུ་སོན་པའི་དུས་བཟང་ལ།།

ལང་ཚོ་རབ་སྨིན་གཞོན་ཤ་རྒྱས་པ་ཡི།།

མཚོ་བྱུང་ལུས་ཕྲ་ཉིད་ལ་མཆོད་ཡོན་དུ།།

འདི་འབུལ་འབྲས་བུ་ཡོད་པར་མི་སེམས་པར།།

གཏན་གྱི་གྲོགས་སུ་ཁུག་པའི་རེ་སྨོན་དུ།།

ལེགས་སྐྱེས་ཤིག་ཏུ་བསམ་པ་འདི་ལ་ཡང་།།

ཁྱོད་ཀྱིས་གཟིགས་པར་མཛོད་དང་ཡིད་དགའ་མ།།

ང་ཡི་ཞེ་འདྲིས་རྒྱང་རིང་མཛའ་གཅུགས་དེ།།

སེམས་སུ་བྲིས་པས་སྐད་ཅིག་དོར་མ་མྱོང་།།

དེ་བཞིན་བདམས་པའི་ལམ་ཆུང་འདི་ག་ནས།།

རྟག་པར་ཡིད་བློ་འཁོར་ས་ཁྱོད་གཉིས་སོ།།

དོན་དུ་ཁྱོད་གཉིས་སོ་སོར་དབྱེར་མེད་པར།།

གཅིག་ཏུ་ངེས་པ་དྲན་པས་ཟིན་པའི་དུས།།

མཆོག་གི་བདུད་རྩི་ཉིད་ལ་ཞུགས་ཐུབ་ན།།

ཉམས་དགའ་བག་ཡངས་འདི་རུ་གནས་ཚང་བྱ།།

ངག་གི་གླུ་དབྱངས་རྒྱང་རིང་གང་ཞིག་ཏུ།།

སྤྲིངས་པའི་དུས་ཀྱི་ཁུ་བྱུག་བུ་མོ་ཡང་།།

ད་དུང་ཕྱོགས་སུ་མ་འཕུར་བདག་འགྲམ་དུ།།

འབྲལ་ཐག་མི་ཆོད་རྟག་ཏུ་གནས་འདོད་དམ།།

དབྱར་གསུམ་མེ་ཏོག་སྣ་ཚོགས་ཅི་དགར་དུ།།

འཛུམ་པའི་ཁྲོད་དུ་རིག་བྱེད་འགྱུར་ཁུག་དེ།།

ལན་ཅིག་རྡུང་པའི་སྙན་འཇེབས་ངག་གི་ཕྲེང་།།

ཁྱོད་ཀྱིས་མགུལ་དུ་ལེན་རོགས་སྒྲ་ཅན་མ།།

བདག་གི་ཚོར་འདུ་ཉིད་ལས་གྲུབ་པ་ཡི།།

སྙན་པའི་ངག་ཏུ་མཛེས་ཆོས་སྣ་ཚོགས་ཤིག །

བརྒྱུས་ཏེ་ཚིགས་སུ་སྡེབ་པའི་སྒྲ་དབྱངས་ཀྱིས།།

ཁྱོད་ལ་གུ་ཡངས་ངལ་གསོ་སྐྲུན་པར་ཤོག །

༼ ཁམས་ཟླ་སྲས། ༽