国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་ཁ།

གཡུ་མནྜལ་ཕྱིས་འདྲའི་ནེའུ་གསིང་གི་སྟེང་དུ།།

འབྲི་མར་ཞག་འཁྱིལ་འདྲའི་སེར་ཆེན་གྱི་མེ་ཏོག།

འདབ་ཀུན་ནས་གྲོལ་བའི་ཡིད་འོང་གི་བཞད་འཛུམ།།

ལྷ་དབྱངས་ཅན་མཛེས་དཔལ་བརྐུས་པ་རང་ཡིན་ནམ།།

སྤྲིན་ཆུ་འཛིན་དུམ་བུ་མཁའ་དབྱིངས་ནས་རྒྱུ་ཞིང་།།

ཚ་དྲོད་ཆེན་སེལ་བའི་བསིལ་གྲིབ་ཀྱི་བླ་བྲེ།།

ལས་མ་བསྐུལ་ལུས་ཅན་སེམས་ཁམས་དང་མཐུན་ན།།

དབྱར་ཕ་མ་འདྲ་ཞེས་ཆོ་ལོ་ཞིག་འབུལ་འདོད།།

ཡུལ་མཛེས་པའི་རྩྭ་ཐང་གདན་ཁྲི་རུ་བགྱིས་ཏེ།།

གྲོགས་སྨོན་འདྲིན་ལྷན་འཛོམས་སྤྲོ་གསེང་གི་དུས་ཚོད།།

དགུང་ཉིན་བྱེད་ནུབ་ཁའི་མལ་སྟན་དུ་ཆས་ཀྱང་།།

ཡིད་ངོམས་པའི་དུས་ཀྱི་མཐའ་མ་ཞིག་མ་རིག།

སྤང་མེ་ཏོག་མིག་གི་ཕྲ་རྒྱན་དུ་སྤུད་ཅིང་།།

ཡིད་སྤྲོ་བའི་སྣང་བ་གཙང་ཆུ་ལ་ཐིམ་པ།།

འདི་མི་རྟག་འཁོར་བའི་བསླུ་བྲིད་ཅེས་སྨྲས་ཀྱང་།།

བདག་ཕལ་པ་ཡིན་པས་འདི་ཉིད་ལ་དགའ་འོ།།

༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽