国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་དེའི་དབྱར་ཁ།

རྒྱང་རིང་བཞུད་པའི་སྤྲིན་པ་དཀར་པོ་དེས།།

ང་ལ་ཕྱི་མིག་འཕངས་པའི་ཚུལ་ཞིག་མཐོང་།།

ཡང་ན་རླུང་བུ་འཇམ་པོ་ལྡང་བ་འདིས།།

ལོ་དེའི་དབྱར་ཁ་དྲན་པ་འདི་ཙམ་རེད།།

དེ་དུས་ཆུ་བོ་དྭངས་ཤིང་རབ་ཏུ་གཙང་།།

ནམ་མཁའི་དབྱིངས་ལ་ནག་ནོག་གོས་པ་མེད།།

ས་ཆེན་བརྩེ་བ་འཐུལ་བའི་དབྱར་ཁ་དེར།།

མགུར་མའི་གཞས་ཤིག་བཏང་བ་འདི་འདྲ་རེད།།

གཞས་ཆུང་སྙན་མོ་སྲིད་པའི་མགུར་གླུ་ཡིན།།

སེམས་དང་བསམ་པ་མཚོན་པའི་ཡིག་འབྲུ་ཡིན།།

གདུང་བ་ཡེ་ནས་མེད་པའི་དན་རྟགས་ཡིན།།

ལོ་དེའི་དབྱར་ཁ་ཧ་ཅང་མཛེས་པོ་ཡོད།།

ཁུ་བྱུག་གསུང་སྐད་སྙན་པ་དེ་དུས་ཐོས།།

འཇོལ་མོས་གཞས་ཆུང་ལེན་པ་དེ་དུས་ཚོར།།

སྣང་བའི་གར་ལ་རྩེན་པའི་ང་དང་ཁྱོད།།

འཇིག་རྟེན་གསར་པ་ཞིག་གི་ཕྲ་རྒྱན་ཡིན།།

གཞོན་པའི་དུས་ཀྱི་སྣང་བ་མཐོན་པོ་དང་།།

གཞན་བསྟུན་མི་ཤེས་ཨུ་ཚུགས་མཁྲེགས་པོ་ཅན།།

འཛུམ་དང་དགོད་སྒྲས་གང་བའི་དུས་སྐབས་ཀྱི།།

ལོ་དེའི་དབྱར་ཁ་དྲན་ན་མཛེས་སྡུག་ལྡན།།

ལོ་དེའི་དབྱར་ཁ་བདག་ལ་དབང་བ་འདྲ།།

རྩེད་དགོད་ལས་ལ་བྲེལ་བ་ངེད་ཅག་གིས།།

རང་སྣང་མཐོན་པོ་ནམ་མཁའི་ཁྱོན་ཡངས་སུ།།

འུར་གཏམ་སྣ་ཚོགས་བསྒྲགས་པའི་དུས་ཀྱང་ཡོད།།

ད་ནི་བརྩེ་བའི་གྲོགས་དག་རིང་དུ་གྱེས།།

རང་སེམས་རང་གིས་ལྟ་ཞོར་རང་ཉིད་ནི།།

ཁེར་འགྲོ་ཁེར་འདུག་བྱས་ནས་གཅིག་པུར་ལུས།།

སེམས་པའི་ཕྱི་ནང་འདི་ཡང་སུ་ཡིས་རྟོགས།།

སྔོན་ནས་འདྲིས་པའི་མི་རྣམས་སོ་སོར་བྲལ།།

བརྩེ་བའི་ས་ཆེན་དེ་ཡང་སྐྱ་བོར་གྱུར།།

རང་ལ་དབང་བའི་གྲིབ་གཟུགས་ནག་པོ་དང་།།

རིང་དུ་འགྲོགས་ནས་ཡོང་བ་དེ་ག་ཙམ།།

ཕོ་ལོ་ཉི་ཤུའི་སྣང་བ་རྫོགས་ལ་ཉེ།།

འུར་ཟིང་ལས་ལ་དེ་ཙམ་མོས་པ་མེད།།

སོལ་དལ་བག་ཕེབས་ངང་ནས་འདུག་མཁན་ང་།།

དགའ་སྐྱོའི་དཔུང་རོགས་ཟེར་བ་ཡིག་ཚོགས་ཡིན།།

སྤྲོས་པའི་གར་སྟེགས་སྟེང་གི་ཡིག་འབྲུ་དག །

ང་ལ་མཚོན་ན་ཧ་ཅང་རིན་ཐང་ཡོད།།

འགྱུར་མེད་སེམས་ཀྱི་གྲོགས་པོ་འདི་ལས་གཞན།།

ང་ལ་གང་ཡང་མེད་ཅེས་ཐ་ཚིག་བསྒྲགས།།

༼ རྫ་ཤུལ་བློ་བཟང་། ༽