国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕ་ཡུལ་གྱི་དབྱར་ཁ།

གངས་ཀྱི་བདུད་བརྩི་ཟིལ་མ་ལྷུང་ལྷུང་དུ་འབབ་ཞིང་།།

ལྕང་ཤུག་ལོ་འདབ་རྒྱས་པའི་ནགས་ཚལ་གྱི་དབུས་སུ།།

འཇོལ་མོའི་གསུང་སྐད་སྙན་མོ་རྣ་ལམ་དུ་རྒྱུ་བའི།།

ཕ་ཡུལ་སྨན་ལྗོངས་ཕྱུག་མོའི་དབྱར་ཁ་འདི་སྐྱིད་པ།།

རྫ་རི་སྨུག་ལོང་འཐིམ་སའི་ཕ་ཡུལ་གྱི་འབྲོག་སྡེའི།།

ནོར་གནག་སྟོང་གིས་འཁྱུད་པའི་སྦྲ་ཁྱིམ་དེ་མཐོང་ན།།

དབྱར་གྱི་མཛེས་སྡུག་བརྐུས་པའི་ཕ་ཡུལ་གྱི་དག་ཞིང་།།

བོད་མིས་བདེ་སྡུག་འཚོལ་སའི་གླིང་ཀ་འདི་སྐྱིད་ཨང་།།

ཆར་གྱིས་ཡང་ཡང་གསོས་པའི་སྤང་ཐང་གི་མཐིལ་ན།།

མེ་ཏོག་གེ་སར་སོགས་ཀྱི་ལང་ཚོ་དེ་ངོམ་བཞིན།།

བུང་བའི་གུར་ཁྱིམ་ཕུབ་པའི་མཛེས་སྡུག་དེ་མཐོང་ན།།

མི་སེམས་བསིལ་རླུང་འཇམ་པོའི་ཞིང་ཁམས་སུ་སྐྱེལ་འགྲོ།།

གནམ་གྱི་ཀ་བ་བཏེགས་པའི་རྫ་རི་ཡི་རྐེད་ནས།།

སྨུག་སྤྲིན་སྐེད་རག་བཅིངས་པའི་ངང་ཚུལ་དེ་མཐོང་དུས།།

ཡིད་འོང་ལྟ་ན་སྡུག་པའི་མཁའ་གོས་ཀྱི་འོག་གི།།

མཛེས་སྡུག་མུ་མཐའ་མེད་པའི་ཕ་ཡུལ་དེ་སྐྱིད་སོང་།།

མ་བཅོས་རི་ཆུའི་སྒེག་མོའི་མངའ་ཐང་དེ་རེག་ན།།

ཞི་ལྷོད་ནོར་ལུག་འཚོ་སའི་དབྱར་གཞུང་གི་དུས་སུ།།

རྣམ་བཀྲ་མེ་ཏོག་འཛུམ་སའི་སྐྱེད་ཚལ་གྱི་དབུས་ན།།

དབྱར་གྱི་མཛེས་པ་སྣུམ་པོ་ཐེངས་གཅིག་ལ་རོལ་ཤོག།

༼ ཁྱུང་གསེར་སྨྱུག། ༽