ཆར་སྨུག་པའི་ན་བུན་ཐིབས་སེ་ཐིབ།།
རྩྭ་རྩི་ཐོག་འགོ་ལྕོག་ལྡེམས་སེ་ལྡེམ།།
མཛེས་མེ་ཏོག་འཛུམ་བག་ཡ་ལ་ལ།།
སྨན་བཟང་དྲུག་དྲི་བསུང་ཐུ་ལུ་ལུ།།
ནགས་ལྗོན་ཤིང་གར་སྟབས་ཤིགས་སེ་ཤིག།
བྱ་བྱིའུའི་སྐད་སྙན་ཀྱུ་རུ་རུ།།
སྦྲང་བུང་བས་འཕུར་ལྡིང་ཉི་ལི་ལི།།
ཤ་རི་དྭགས་རྩེད་བྲོ་ཁྲིགས་སེ་ཁྲིག།
ཆབ་ཆུ་མོའི་རླབས་སྒྲ་ཤགས་སེ་ཤག།
ཉ་གསེར་མིག་འཁྱུག་རྩལ་ལིང་སེ་ལིང་།།
ལུས་གསེར་གཤོག་འོད་མདངས་ལམས་སེ་ལམ།།
དབྱར་དཔལ་ཡོན་མཐོང་ན་ཉམས་རེ་དགའ།།
རི་རྩེ་གསུམ་རྩེ་མོར་ཤ་རྐྱང་རྒྱུ།།
རྫ་ཡར་ལུང་མར་ལུང་གོང་མོ་འཕུར།།
སྤང་ཡར་ལྡེབས་མར་ལྡེབས་ཕྱུགས་རིགས་བཀྲ།།
མཚོ་ཡར་ཆབ་མར་ཆབ་ངང་ཆུང་རྩེན།།
འབྲུག་ལྷང་ལྷང་གྲགས་ན་རྣ་བར་སྙན།།
ཆར་སིམ་སིམ་བབས་ན་ཡི་གར་འོང་།།
རླུང་བསིལ་བུ་ལྡང་ན་རེག་བྱ་འཇམ།།
མཛེས་ཨུཏྤལ་མཐོང་ན་ཡིད་རབ་འཕྲོག།
༼ རྐང་ལམ་དཀར་པོ། ༽
