国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་དང་འདབ་པ་རྫོང“མྱུར་བགྲོད་ དུས་རབས”སུ་སླེབས་ཉེར་ཡོད།

སྤྱི་ཟླ8ཚེས3ཉིན་གསར་འགོད་པས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གནད་ལས་གཞིའི་ལས་དོན་ལྟེ་གནས་ཀྱིསS95ལི་ཐང་ནས་འདབ་པ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་ལས་གྲྭ་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་ཇུས་འགོད་རགས་ཙམ་བྱེད་པའི་དུས་འགོའི་ཞབས་ཞུའི་སྡེ་ཚན་སུས་འཇོན་དེ་འགུགས་ཀྱི་སྤྱི་བསྒྲགས་ཁྱབ་སྤེལ་བྱས། དེ་ལས་སི་ཁྲོན་ནུབ་རྒྱུད་ཀྱི་སྦས་པའི་གནས་མཆོག་དང་ཤམ་བྷ་ལའི་གཙོ་རྒྱུད་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་གྱི་དུས་འགོའི་ལས་དོན་ལ་འགག་རྩའི་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་པ་དང་ཆབས་ཅིག་རྗེས་མཐུད་ལས་གཞི་ལས་འགོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ལས་གཞི་དེ་ནི《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་བཀོད་སྒྲིག་འཆར་འགོད(2022ལོ་ནས2035ལོ་བར)》ནང་གི་གཞུང་ལམ་ལམ་ཐིག13གྱི་གྲས་ཤིག་ཡིན་པ་དང་། དེ་ཡུལ་ཤུལ་ཁུལ་ནས་རང་ཁུལ་སེར་ཤུལ་རྫོང་དང་འདབ་པ་རྫོང་བར་བརྒྱུད་པའི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལམ་ཐིག་དེ་ལི་ཐང་རྫོང་གི་ཤར་ངོས་ནས་འགོ་བཙུགས་ཏེ་འཆར་འགོད་བྱས་པའིG4218གཡག་རྔ་ནས་ཞིན་ཅང་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་དར་མདོ་གྲོང་ཁྱེར་གྱི་ར་རྔ་ཁ་ནས་ལི་ཐང་བར་གྱི་གཞུང་ལམ་དུམ་བུ་དང་མཐུད་ནས་ལྷོ་ཕྱོགས་འདབ་པ་རྫོང་དུ་མཇུག་རྫོགས་ཡོད། ཁྱོན་རིང་ཚད་སྤྱི་ལེ138ཙམ་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། S95ལི་ཐང་རྫོང་ནས་འདབ་པ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཡུན་ནན་དང་སི་ཁྲོན། མཚོ་སྔོན་བཅས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་ཆེན་པོའི་འགག་རྩའི་གཞུང་ལམ་དུམ་བུ་ཞིག་ཡིན་པའི་ངོས་ནས་ཞིང་ཆེན་བར་སྦྲེལ་ཤུགས་ཆེ་རུ་གཏོང་བར་དོན་སྙིང་ཟབ་མོ་ལྡན་ཡོད་པ་རེད། ལས་གཞི་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་འདབ་པ་དང་ཉི་སྟེན། ལུའུ་ཀུའུ་མཚེའུ། འཇང་ས་དམ་གནའ་གྲོང་སོགས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཡུལ་སྐོར་བྱ་ཡུལ་གྲགས་ཅན་དང་ཡག་པོ་སྦྲེལ་ཐུབ་པར་མ་ཟད། ལིའང་ཧྲན་ཁུལ་གྱི་མུ་ལི་རྫོང་དང་བོད་ལྗོངས་ཆབ་མདོ། ཡུན་ནན་ནུབ་བྱང་སོགས་མཐའ་འཁོར་ས་ཁོངས་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་ཐུབ་པས། ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་དང་། སི་ཁྲོན་དང་ཡུན་ནན་ས་ཁུལ་གཉིས་ཀྱི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་གཏོང་བ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྤུས་འབྲས་འཕར་བ་བཅས་ལ་དངོས་ཡོད་རིན་ཐང་དང་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་ཡོད་པ་རེད།

ད་སྔར་ལས་གཞིའི་ལས་གྲྭ་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་དང་ཐོག་མའི་ཇུས་འགོད་སུས་འཇོན་དེ་འགུགས་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་དང་སྦྲགས་རྗེས་མཐུད་ཀྱི་ཁོར་ཡུག་གདེང་འཇོག་དང་ས་ཆུ་སྲུང་བ་སོགས་ཀྱི་ཆེད་དོན་ཞིབ་འཇུག་ཀྱང་དུས་མཉམ་དུ་སྤེལ་རྒྱུ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)