སྤྱི་ཟླ8པའི་ཚེས5ཉིན།སེ་འབྲུའི་མེ་ཏོག་བཞད། ལང་ཚོ་གཉོམ་ལག་རྒྱས་ཞེས་པའི་རྒྱལ་ཡོངས་ན་གཞོན་བུད་མེད་མི་རིགས་མཐུན་སྒྲིལ་མཛའ་བརྩེའི་རྐང་གྲུག་འགྲན་སྡུར་དེ་ཞིན་ཅང་ཨ་ཁེ་སུའུ་ནས་སྤེལ་འགོ་བཙུགས། དཀར་མཛེས་ཁུལ་གསེར་རྟ་རྫོང་གི་སྐར་དམར་རྐང་གྲུག་རུ་ཁག་འགྲན་སྡུར་དེའི་ནང་ཞུགས་པ་རེད། སི་ཁྲོན་ཞིང་ཆེན་གྱིས་བདམས་པའི་དཀར་མཛེས་ཁུལ་གསེར་རྫོང་སྐར་དམར་རྐང་གྲུག་རུ་ཁག་གིས་སྐབས་འདིའི་འགྲན་སྡུར་གྱི་འགྲན་ཐེངས་དང་པོ་དེ་ཞིན་ཅང་དངོས་ཚན་བཟོ་སྐྲུན་སློབ་གླིང་འགྲན་ར་ནས་ཧྥུ་ཅན་འཐུས་མི་རུ་ཁག་དང་མཉམ་དུ་འགྲན་སྡུར་བྱས་པ་རེད། མཐོ་སྒང་ནས་ཡོང་བའི་བུད་མེད་རྐང་གྲུག་རུ་ཁག་དེས་ཞིན་ཅང་ཨ་ཁེ་སུའུ་ཡི་ཉི་འོད་དང་འགྲོགས་ནས་རྒྱལ་ཡོངས་རང་བཞིན་གྱི་སྟེགས་བུའི་ཐོག་འགྲན་སྡུར་དང་པོ་བྱས་པ་རེད།
རུ་དཔོན་རིན་ཆེན་སྐྱིད་ཀྱིས་སྐར་དམར་རྐང་གྲུག་རུ་ཁག་གི་ལས་རྩལ་པ་ཚོ་རྒྱལ་ཡོངས་རང་བཞིན་གྱི་འགྲན་སྡུར་སྟེགས་བུར་བསྐྱོད་པ་ཐེངས་དང་པོ་ཡིན་མོད། འོན་ཀྱང་སྐྲག་སྣང་མེད་པར་འགྲན་སྡུར་ལ་ཤུགས་རྒྱག་པ་དང་འཕྲལ་ཐག་ཆོད་པོས་འགོག་སྲུང་སོགས་བྱས་པར་བརྒྱུད་རྒྱལ་ཁ་བརྩོན་ལེན་བྱས། འགྲན་རའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཁོ་ཚོས་ནམ་ཡང་རྐང་གྲུག་འཕྲོག་ལེན་དང་བརྒྱུད་སྤྲོད་བྱ་རྒྱུ་དོར་མེད། ཧྥུ་ཅན་རུ་ཁག་ལྟ་བུའི་འགྲན་ཡ་འཕྲད་པར་ང་ཚོ་སེམས་གཏིང་ནས་དགའ་གིན་ཡོད། སྟོབས་ལྡན་རུ་ཁག་དང་འགྲན་སྡུར་བྱེད་ཚེ་གཞི་ནས་ཧེ་བག་ཤེས་ཐུབ་ལ་སློབ་སྦྱོང་ཡང་བྱེད་ཆོག་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་སྡུར་གྱི་དུས་ཡུན་ཉིན5ཡིན་པ་དང་། ཚོ་ཆུང་འགྲན་སྡུར་དང་གསེས་འདོར་འགྲན་སྡུར། རྟིང་རྩོད་འགྲན་སྡུར་བཅས་དུས་མཚམས་གསུམ་བགོས་ཡོད། དེའི་རིང་མི་རིགས་ཞིབ་སྦྱོང་དང་གླུ་གར་མཛའ་འབྲེལ། ཁྱིམ་སྲོལ་འགྲེམས་སྟོན། མི་རིགས་མཐུན་སྒྲིལ་གཙོ་དོན་གློག་བརྙན་ལྟ་བ་སོགས་ལེ་ལག་ཚང་བའི་བྱེད་སྒོ་སྤེལ་རྒྱུ་རེད། འགྲན་རིམ་མེད་པའི་རུ་ཁག་ཁག་བགོས་ནས་ཨ་ཁེ་སུའུ་ས་ཁུལ་གྱི་རིག་གནས་ཁང་དང་དངོས་མང་ཁང་།ཁོ་ཁོ་ཡ་རྗེས་དྲན་ཁང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཉམས་ལེན་ཁང་བཅས་སུ་བསྐྱོད་དེ་ཞིབ་སློབ་སྤེལ་རེས་བྱས་ནས། མི་རིགས་ཁག་གི་ན་གཞོན་བར་འགྲོ་འོང་དང་སྤེལ་རེས་ཟབ་མོ་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།།
( རྟ་མགྲིན་རྡོ་རྗེས་བསྒྱུར།)
