ཉེ་ཆར་གསར་འགོད་པས་སྡེ་དགེ་རྫོང་མ་ཎི་གད་མགོ་གཟན་རྩྭ་དེང་རབས་ཞིང་ལས་གླིང་ཁུལ་དུ་བསྐྱོད་སྐབས་དེར་མུའུ2387གྱི་སར་སྔོ་ལྗང་གཟན་རྩྭས་ཁེངས་པས་མ་ཚད། ཞིང་ནང་དུ་ཆུ་འདྲེན་སྦུ་གུ་དང་། སྟོན་ཁབ་རྣམ་པའི་ཆུ་གཏོར་འཕྲུལ་འཁོར4དང་སྒུལ་བདེའི་ཆུ་གཏོར་སྒྲིག་ཆས6བཅས་ལེ་ལག་ཚང་བའི་དེང་རབས་ཅན་གྱི་འདེབས་གསོ་རྣམ་པ་མཐོང་།
བློ་གྲོས་ལྡན་པའི་སྒོ་ནས་ལྗང་མདོག་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་དཔལ་འབྱོར་ཕྱོགས་གཉིས་མཉམ་ཕན་ཡོང་བར་བྱེད།
མ་ཎི་གད་མགོ་གྲོང་རྡལ་གྱི་ཆ་སྙོམས་མཚོ་འཕགས་སྨི4000ལས་བརྒལ་བ་དང་། སྡེ་དགེ་རྫོང་ཁོངས་ཀྱི་འབྲོག་ལས་ཁོ་ནའི་གྲོང་རྡལ་ཞིག་ཡིན་པ་དང་ཕྱུགས་རིགས་ཁ་གྲངས་ཁྲི4ལྷག་ཡོད། གྲོང་རྡལ་དེས་ཁུལ་ཡོངས་ཀྱི“ལྷ་གཡག་དཀར་མཛེས”ཀྱི་འབྲི་གཡག་ཐོན་ལས་བཀོད་སྒྲིག་ལ་དམིགས་ཏེ་མུའུ་ཁྲི2ཡོད་པའི་ལྟེ་བའི་གཟན་རྩྭ་རྟེན་གཞི་བསྐྲུན་པ་དང་། འདེབས་འཛུགས་དང་ཐོག་མའི་བཟོ་སྣོན་གྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་གྱུར་ནས་ལོ་རེར་ཡུག་པོ་སྤུས་ལེགས་དང་རྩྭ་སྐམ་ཏུན་ཁྲི་ཡན་ཐོན་སྐྱེད་ཐུབ་པས་འབྲི་གཡག་ཁྲི2.5ལ་དགུན་དུས་གཟན་ཆས་ཁ་གསབ་བྱ་རྒྱུ་འགན་ལེན་ཐུབ་ནས་འབྲོག་ཁུལ་ཕྱུགས་རིགས་ཀྱི་དགུན་དུས་གཟན་རྩྭ་དཀོན་པའི་དཀའ་གནད་སེལ་ཡོད།
གླིང་ཁུལ་དུ་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་ནང་འདྲེན་བྱས་ནས་གཟན་རྩྭ་སྐྱེ་འཚར་དང་ནད་འབུའི་གནོད་འཚེ་འགོག་བཅོས་ལ་བློ་གྲོས་ལྡན་པའི་དོ་དམ་ཚོད་འཛིན་བྱེད་པ་དང་། སྐྱེ་ཁམས་སླར་གསོ་བྱ་རྒྱུར་དུས་གཅིག་ཏུ་ལྟ་རྟོག་བྱེད་པ། བྱེ་འགྱུར་ས་ཁུལ་དང་ཨ་བྲའི་ས་རྒོད་མུ་འབྲེལ་སྒྱུར་བཀོད་བྱས་ནས་རང་བྱུང་རྩྭ་རར་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་དཔལ་འབྱོར་ཕྱོགས་གཉིས་མཉམ་ཕན་ཡོང་བར་བྱས། གླིང་ཁུལ་གྱི་གཉེར་སྐྱོང་འགན་འཁུར་བ་མོའུ་ཅིའུ་ཤིན་གྱིས་རྟེན་གཞིས“ཁེ་ལས་དང་ཏང་ཀྲི་པུའུ། གྲོང་སྡེའི་ཐུན་མོང་དཔལ་འབྱོར། འབྲོག་དུད”བཅས་ཀྱི་ཁེ་ཕན་སྦྲེལ་མཐུད་བྱེད་སྟངས་ཁྱབ་གདལ་བཏང་ནས་གཟན་རྩྭ་བརྔ་བསྡུ་བྱེད་མང་བའི་དུས་སུ་ཉིན་རེར་ཆ་སྙོམས་ས་གནས་དེ་གའི་མང་ཚོགས་བརྒྱ་ལྷག་ལས་ཀར་ཞུགས་ཡོད། བརྔ་བསྡུ་བྱེད་སྐབས་རྩྭ་ཤུལ་ལི་སྨི20ཙམ་བཞག་ནས་མཐའ་འཁོར་འབྲོག་པའི་དགུན་དཔྱིད་ཕྱུགས་འཚོ་སྐོར་བསམ་བློ་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་ཁེ་བཟང་ཉིས་བརྩེགས་ཡོང་བར་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།
མ་ཎི་གད་མགོ་གྲོང་རྡལ་ཆུ་ཤེལ་གྲོང་སྡེའི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཚེ་རིང་སྒྲོལ་མས་ས་གནས་དེ་གའི་ལས་ཞུགས་སྲིད་ཇུས་ལ་བརྟེན་ནས་གླིང་ཁུལ་དུ་ལས་ཞུགས་བྱས་ཏེ་ཟླ་རེར་གཏན་འཇགས་གླ་ཕོགས་སྒོར3500བླངས་ནས་ཁྱིམ་དུ་ལས་ཞུགས་བརྟན་པོ་ཐུབ་པ་དང་ཁྱིམ་མིར་ལྟ་རྟོག་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཏན་ཏིག་བྱེད་ཀྱི་ཡོད་པ་རེད།
ཐོན་ལས་ཀྱི་གཞི་རྩ་བརྟན་དུ་བཏང་ནས་ཞིང་འབྲེལ་ཞིང་ཁྲིད་ཀྱིས་དམངས་ཕྱུག་ཡོང་བར་ཕན་ནུས་སྩོལ།
དབོན་ཐོག་དེང་རབས་ཞིང་ལས་གླིང་ཁུལ་གྱི་རྟེན་གཞིའི་མུའུ3163ནང་གི་དྲོད་ཁང་ཆེན་པོའི་སྔོ་ཚལ་དང་ཤིང་འབྲས་སྐྱེས་ཚུལ་དགའ་འོས་པ་ཡིན་ཞིང་།རྫོང་ཁོངས་ཀྱི་ཚོང་ཟོག་འབྲུ་རིགས་དཔེ་སྟོན་རྟེན་གཞི་ཡིན་པའི་རྟེན་གཞི་དེས་གཞི་ཁྱོན་ཅན་དུ་ནས་དང་། ལྡུམ་སྒོང་། སུར་པན་སྔོན་པོ། ཆུ་ཀུབ་སོགས་ཞིང་ལས་སྐྱེ་དངོས་སྣ་ཁ་བཅུ་ལྷག་འདེབས་འཛུགས་བྱས་པ་དང་མངགས་ཐོ་རྣམ་པའི་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་སྟངས་ཁྱབ་གདལ་བཏང་བས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི500ལ་ཟིན་པ་དང་མཐོ་སྒང་སྔོ་ཚལ་དང་ཤིང་ཏོག་ལ་གོ་ལ་ཧྲིལ་པོའི་ཞིང་ལས་ཚད་ལྡན་སྤུས་ཚད་བཟང་པོའི་ཁས་ལེན་ཐོབ་ཡོད་ཅིང་། དེ་དང་ཆབས་ཅིག་རྟེན་གཞིས“སྤྱི་གཉེར་ཁང་དང་། རྟེན་གཞི། ཞིང་དུད”བཅས་ཀྱི་ལམ་སྲོལ་ལ་བརྟེན་ནས་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་རིམ་རྩིས་བྱས་ན་ས་གནས་དེ་གའི་ལས་མི4500བསྡུས་ནས་དུད་ཚང་ཚང་མར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.5ཙམ་འཕར་ཡོད།
གྲངས་གཞི་ལས་མངོན་པར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་སྡེ་དགེ་རྫོང་གི་ལོ་རེའི་འབྲུ་རིགས་ཐོན་ཚད་ཏུན་ཁྲི1.05ཡན་བརྟན་པོ་བྱུང་བ་དང་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི1.3བསྐྲུན་ནས་ཞིང་ཆེན་རིམ་པ1དང་ཁུལ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ2བསྐྲུན་ཡོད། རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྒྱ་གྲོལ་རིག་དགའ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་ཡོངས་ཀྱིས་འབྲི་གཡག་དང་། ཀྲུང་ལུགས་སྨན་རྒྱུ། མཐོ་སྒང་སྔོ་ཚལ་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་གཅིག་སྡུད་ཐོག་སྐྱེད་སྲིང་བྱས་པ་དང་། མུའུ་ཁྲི2ཀྱི་སྤུས་ལེགས་རྩྭ་གཟན་རྟེན་གཞིས་ལོ་ལྟར་མང་ཚོགས་ལ་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི1500ལྷག་བཏོད་པ་དང་། ཁྱབ་ཁོངས་ཡོངས་ཀྱི་གླིང་ཁུལ་དུ་སྣ་མང་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་གཅིག་གྱུར་ཐོག་ལག་ལེན་བསྟར་བ་རེད།
མཉམ་ཕྱུག་སྟོབས་ཤུགས་སྤྱད་དེ་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་མཐུད་བརྟན་དུ་གཏོང་།
སྡེ་དགེ་རྫོང་གིས་ཐོན་ལས་འབབ་འཕར་དམ་འཛིན་བྱེད་པ་དང་དུས་མཉམ་དུ་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་རྒྱུར་བསྐུལ་ནས་འཚོ་སྡོད་ལས་རིགས་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་སྡེའི་རྣམ་པ་གསར་པ་ཤུགས་ཡོད་རྒུས་བཏོད་ཡོད། ཡོ་པ་ཡུལ་ཤོག་རྔ་མོ་སྣ་གྲོང་སྡེ་དང་རྫོང་གྲོང་བར་སྤྱི་ལེ156ཡོད་པ་དེ་ནི་དཔེ་མཚོན་གྱི་འབྲོག་ལས་ཁོ་ན་ཡིན་པའི་གྲོང་སྡེ་ཞིག་ཡིན་པ་དང་ཁོངས་གཏོགས་ཁུལ་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་མུའུ་ཁྲི5ཙམ་ཡོད་ཅིང་ཤྭ་བ་མཆུ་དཀར་དང་གླ་བ་སོགས་སྲུང་སྐྱོབ་སྲོག་ཆགས་རྩ་ཆེན་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། ས་གནས་དེས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ཁུལ་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ནས་སྲོལ་རྒྱུན་དམངས་སྲོལ་བརྒྱུད་འཛིན་དང་མང་ཚོགས་ཀྱི་དེང་རབས་སྡོད་གནས་ཀྱི་དགོས་མཁོར་ལྟ་རྟོག་བྱས་ཏེ་ཁག་དང་ཐེངས་བགོས་ནས་ཡུལ་མིའི་སྡོད་ཁང་གསར་སྐྲུན་བཀོད་སྒྲིག་ལས་གྲྭ་ལག་ལེན་བསྟར་བ་སྟེ། 2022ལོར་དུད་ཚང87གྱི་ཁང་པ་རང་སྐྲུན་ལེགས་གྲུབ་ཟིན་པ་དང་དུད་ཚང་རེར་ཁང་པ་སྐྲུན་པའི་ཁ་གསབ་རོགས་དངུལ་སྒོར་ཁྲི8སྤྲད། 2023ལོར་དུད་ཚང29གཅིག་གྱུར་འཛུགས་སྐྲུན་དང་ཁ་ཐོར་བཀོད་སྒྲིག་བྱ་རྒྱུར་བསྐུལ་བ། 2024ལོར་དུད་ཚང108ཀྱི་སྡོད་ཁང་སྒྱུར་བཀོད་ལེགས་གྲུབ་བྱས་ནས“གཅིག་སྡུད་དང་ཁ་ཐོར”ཟུང་དུ་འབྲེལ་བའི་འབྲོག་ཁུལ་གྱི་ཡུལ་སྡེ་དར་རྒྱས་དཔེ་སྟོན་གྲོང་སྡེ་བསྐྲུན་ནས་གྲོང་སྡེ་དང་ཚོ་ཆུང་གི་འགྲོ་ལམ་དང་། ཉེན་མེད་འཐུང་ཆུ། གློག་ཤུགས་འགན་ལེན་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དུས་གཅིག་ཏུ་རིམ་སྤོར་བྱས།
གནས་སྤོར་མང་ཚོགས་ཀྱི“གནས་སྤོ་ཐུབ་པ་དང་། བརྟན་པོར་སྡོད་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་འགན་ལེན་ཏན་ཏིག་བྱ་ཆེད། མ་ཎི་གད་མགོ་གྲོང་རྡལ་གྱིས་ཁ་གཏད་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཕྱོགས་གཅིག་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དང་གྲོང་སྡེའི་ནང་གི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་བཟོ་གོ་སྐབས་ལེ་ལག་ཚང་བ་བྱས་ཏེ་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ས་གནས་དེ་གར་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱེད་པ་དང་།ཕྱོགས་གཞན་ཞིག་ནས་རྒྱུན་རྣམ་ཅན་དུ་ཚེམ་བཟོ་དང་། གཡོས་སྦྱོར་བྱེད་པ། ཡུལ་མིའི་སྡོད་ཁང་གཉེར་སྤྱོད། ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་སོགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་རིམ་རྩིས་བྱས་ན་གསོ་སྦྱོང་ཐེངས5བྱས་པ་དེ་དག་མང་ཚོགས300ལ་ཁྱབ་པ་དང་ལས་མི60ཕྱི་ཕྱོགས་སུ་གྲུབ་འབྲས་ཐོབ་པའི་ངང་ཕྱིར་གཏོང་བྱས་ཡོད། དེ་དང་ཆབས་ཅིག་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་བསྐུལ་ནས་གྲོང་སྡེ་ཐུན་མོང་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ཕྱིར་འཚོང་ས་ཚུགས་སོགས་དངོས་ཚན་ལས་རིགས་བཀོད་སྒྲིག་བྱས་པས་མང་ཚོགས་ལ་རྒྱུན་མཐུད་དང་བརྟན་ལྷིང་གི་ཡོང་འབབ་འཕར་བའི་ཐབས་ལམ་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།།(ཀུན་དགའ་བསམ་གཏན་གྱིས་བསྒྱུར།)
