ཀ་ཁ་ག་ང་ངག་ནས་ཐོག་མར་གྱེར་ཀློག་བྱེད་སའི་ཡུལ།།
ཀ་གཅིག་ལྕམ་གང་ཅན་གྱི་གཡང་ཁྱིམ་གྲུ་བཞི་གནས་སའི་ཡུལ།།
ཁ་ནས་ཨ་ཞེས་རང་སྐད་གཙང་མ་ཐོག་མར་འདོན་སའི་ཡུལ།།
ཁ་སང་དེ་རིང་མ་ཡིན་རྒྱུན་དུ་ཡིད་ཀྱི་གནས་མལ་ཡིན།།
གངས་དང་རླུང་བུས་ཙག་ཁ་རྒོད་རུང་ཞེ་ལ་ཐོགས་པའི་ཡུལ།།
ག་ས་ག་ལ་ཕྱིན་རུང་དྲན་པའི་རུམ་ཁར་གསལ་བའི་ཡུལ།།
ང་ཡི་ཡིད་ཀྱི་རི་རྩེར་ལྷང་ངེར་འཚེར་བའི་གངས་ཀྱི་ཡུལ།།
ང་དང་ཁྱེད་ཀྱི་ཕ་ས་སྨུག་པོ་གངས་ལྗོངས་ས་མཐོ་རེད།།
ཅ་ཅོ་འདུ་འཛི་མེད་པས་ལྷིང་འཇགས་ལྡན་པ་འབྲོག་པའི་ཡུལ།།
ཅ་དངོས་ཉུང་ཞིང་ཆ་རྐྱེན་དབུལ་རུང་སེམས་ཀྱི་གནས་མཆོག་ཡིན།།
ཆ་རྒྱུས་མེད་ན་རིག་པ་ཙམ་གྱིས་ཡིད་སེམས་ཤོར་གནས་མིན།།
ཆ་ལུགས་རེ་རེར་རྒྱུས་ལོན་གནོངས་དང་ཤུལ་བཞག་འདི་ནས་རྙེད།།
འཇོན་ཐང་ཅན་གྱི་དམ་པ་མང་པོ་འཁྲུངས་སའི་ས་མཐོའི་ཡུལ།།
ཇ་སོགས་སྔོན་ཐོན་རིག་གནས་ཕྱི་ནས་ནང་ལ་གདན་དྲངས་ཏེ།།
ཉ་མོ་ཆུ་ལ་རྩེན་པ་ནང་བཞིན་སྤྲོ་དགའི་དཔལ་ལ་རོལ།།
ཉ་གང་ཟླ་བ་ཚེས་ན་མུན་པའི་ཡོལ་བ་ཅིག་ཅར་འཇིག།
རྟ་མཆོག་བང་གིས་ཁ་ལོ་བསྒྱུར་ས་མཛེས་ཤིང་སྡུག་པའི་ཡུལ།།
རྟ་ནོར་ལུག་གསུམ་འཕེལ་ཁ་ཆེ་བའི་ཡིད་དུ་འོང་བའི་ཡུལ།།
ཐ་གྲུ་ཡངས་པའི་རྩྭ་ཐང་སྟེང་དུ་གནས་པའི་འབྲོག་གི་ཡུལ།།
ཐབས་ཆག་མ་ཡིན་གདོད་མའི་ཆ་ལུགས་ངོ་མ་འདི་ན་ཡོད།།
ད་ཆ་འཕོ་འགྱུར་ཚ་རླབས་འཕྱུར་བའི་དུས་ཀྱི་བར་མཚམས་འདིར།།
ད་ཡོད་འཇིག་རྟེན་གོ་ལའི་པང་གི་ཡུལ་གྲུ་ཡོངས་རྫོགས་ནང་།།
ན་ཚོད་གཞོན་དར་ཚང་མ་བྲོ་ཡིས་སྟངས་སྟབས་བསྒྱུར་སའི་ཡུལ།།
ནས་འབྲུ་སྔོན་མོའི་འཁྲུངས་གནས་ཕ་ས་ཕ་ཡུལ་ཁ་བའི་ལྗོངས།།
པད་མའི་མེ་ཏོག་བལྟམས་སའི་ཚ་བའི་ལུང་པ་དངོས་མིན་རུང་།།
པད་མའི་འཛུམ་ཆུང་བཞད་འདྲའི་མཐོ་སྒང་བུ་མོའི་ཞལ་རས་ཡོད།།
ཕར་ལ་སོང་ན་བཅོས་མིན་འཛུམ་གྱིས་བསུ་མ་ལན་གཅིག་ཡོད།།
ཕ་ས་འདི་རུ་ཕེབས་དང་ལྷད་མེད་གཤིས་ཀ་ངོ་མ་ཡོད།།
བོད་ཀྱི་ཡུལ་དང་ལུང་པའི་ལུས་ཀྱི་ཆས་གོས་རེ་རེ་དང་།།
བོད་ཀྱི་ས་གནས་ཁག་གི་ངག་གི་གླུ་སྐད་རེ་རེ་སོགས།།
མ་དང་སྲུ་མོའི་སྔོན་ནས་ད་བར་རྒྱུད་འཛིན་གནང་བ་རེད།།
མ་དོར་ཡུན་ནས་ཡུན་དུ་ང་ཚོས་རྒྱུན་སྐྱོང་སྤེལ་གསུམ་བྱ།།
རྩྭ་ཐང་ཡངས་པོའི་སྟེང་དུ་འཚོ་བའི་གཡང་ཟོག་ནོར་ལུག་དག །
རྩྭ་ཆུ་འཛོམས་པའི་བྱང་གི་ཐང་ཆེན་ཐོག་ཏུ་འཚོ་དགོས་ལགས།།
ཚ་བའི་ལུང་པ་མ་ཡིན་ཁྱེད་ལ་དཔག་པའི་ཁོར་ཡུག་ཡོད།།
ཚ་གྲང་རན་པའི་གངས་ཅན་བོད་ཀྱི་ཡུལ་ཁམས་བདེ་ཞིང་སྐྱིད།།
མཛངས་མི་བདུན་གྱིས་མཛད་རྗེས་ཁ་བའི་ལྗོངས་སུ་རྡོ་རིང་བཙུགས།།
མཛངས་མའི་ཡོན་ཏན་ལྡན་པའི་བོད་ཀྱི་བུ་མོ་ཇེ་མང་རེད། །
ཝ་མོའི་གཡོ་སྒྱུ་ནང་བཞིན་བྱས་ནས་བྱུང་བ་མ་ཡིན་པས།།
ཝ་ལེར་ངན་སྤྱོད་བསྐྱུར་ནས་ཚངས་ཐིག་འདྲ་བ་ཤ་སྟག་ཡིན།།
གཞོན་པའི་ལང་ཚོ་གངས་རླུང་ཁྲོད་དུ་དར་བའི་གསར་སྐྱེས་དག །
གཞོན་ནུའི་དུས་སུ་ཕྱི་གཟུགས་བདེ་ཅག་འཁྱུག་ལ་རྣམ་པ་མཛེས།།
ཟས་གོས་སྤྱོད་གསུམ་ལུགས་དང་མཐུན་ཞིང་སྲོལ་བཟང་སྐྱོང་།།
ཟ་འཐུང་ལོངས་སྤྱོད་རྒྱས་པའི་གངས་ཀྱི་ཡུལ་ལ་ཕེབས་གནང་དང་།།
འུ་ཚོའི་སེམས་ཀྱི་ཕ་ས་ཕ་ཡུལ་མདོ་དབུས་མཐོ་སྒང་དུ།།
འུ་གཉིས་དམ་བཅའི་མནའ་ཚིག་བཞག་ནས་ལན་གཅིག་བསྐོར་བར་འགྲོ།།
ཡ་རབས་སྤྱོད་བཟང་དག་ལ་ཕན་ཚུན་སློབ་སྦྱོང་བྱེད་བཞིན་དུ།།
ཡར་འགྲོ་མདོ་དབུས་ཁམས་གསུམ་ཁྲ་ཆུང་མིག་གིས་བལྟ་རུ་འགྲོ།།
ར་བ་གངས་ཀྱིས་བསྐོར་བའི་ཧི་མ་ལ་ཡི་ཚུར་ནང་ལ།།
རི་བོ་རི་རབ་ཀུན་གྱི་རྒྱལ་པོ་གངས་དཀར་ཏི་སི་ཡོད།།
ལ་རྩེ་དགུང་ལ་ཟུག་པའི་རི་བོ་ཇོ་མོ་གླང་མ་ཡོད།།
ལ་ལུང་གཞན་དང་མི་འདྲ་རི་ཆུ་ནགས་གསུམ་ཕུན་སུམ་ཚོགས།།
ཤམ་བུ་དཀར་པོ་རི་རྩེར་བཤམ་འདྲའི་སྤྲིན་དཀར་ཚོམ་བུ་དང་།།
ཤག་ཤག་རྒྱུག་པའི་གངས་ཅན་བོད་ཀྱི་གཙང་ཆབ་སྔོན་མོ་སོགས།།
ས་ཕྱོགས་གཞན་དང་མི་འདྲ་དམིགས་བསལ་ཁྱད་ཆོས་ལོས་ཡོད་དེ།།
ས་གཙང་ཆུ་གཙང་ས་ཆེན་གོ་ལའི་རྩེ་ཡི་ཡོན་ཆབ་ལགས།།
ཧོན་འཐོར་ང་དང་འདྲ་བའི་དེང་གི་གསར་སྐྱེས་གཞོན་ནུ་འགས།།
ཧ་ཅང་རིན་ཐང་བྲལ་བས་ང་ཡི་རི་ལུང་ཐང་གསུམ་ལ།།
ཨ་ཁ་རིན་ཐང་མི་ཤེས་ང་ཚོ་ཐབས་ལ་སྡུག་མོད་ཀྱང་།།
ཨ་ཕ་ཨ་མས་གནང་བའི་གནས་མལ་དྲོད་མོ་བསྐྱུར་མི་ཉན།།
༼ ཨོ་ཏོག་བསྟན་ཉི། ༽
