རྒྱལ་ཀུན་ཤེས་རབ་གཅིག་འདུས་བསྐྱེད་ཡུམ་མ།།
ལེགས་བྱས་འདབ་སྟོང་སྤུད་པའི་མཚོ་བྱུང་ཅན།།
དྲི་ཟའི་སྙན་ཐག་བཞད་པའི་དབྱངས་ལྡན་མས།།
ཚང་ཚིང་ངག་གི་འགྲོས་ལ་རམ་འདེགས་ཀྱེ།།
ལུས་ཅན་འདོད་ལྡན་སྟོང་གི་མིག་ཟུང་དུ།།
ཡིད་འཕྲོག་སྣང་བའི་ལང་ཚོ་བརྗིད་པ་ཞིག །
གསལ་ལ་མཛེས་པའི་ཉམས་འགྱུར་སྒེག་པ་ལས།།
རྟོག་ཚོར་དྲན་མེད་དབྱིངས་སུ་རེ་ཞིག་རྒྱལ།།
མི་མངོན་སྐུ་ཡི་བརྗིད་ཆགས་ནམ་མཁའི་ངོས།།
ཞལ་རས་ཟླ་བའི་གཟི་བྱིན་མངོན་པར་བཀྲ།།
དར་མཚོན་སྤྲིན་པ་འཇམ་མཉེན་བསིལ་རླུང་གིས།།
ལྡེམ་ལྡེམ་གར་དུ་རོལ་བས་ཀུན་ཡིད་བསླུས།།
སྟོད་སྨད་མཛེས་སྡུག་འབུར་གྱིས་འཇོ་སྒེག་འཕྱང་།།
གཞན་ཡིད་བསླུ་བའི་ཉམས་འགྱུར་རྫུ་བག་ཅན།།
མ་བཅོས་ལྷན་དུ་བདོ་བའི་སྐྱེས་བཟང་མ།།
སུ་དང་གང་གིས་འགྲན་ཡང་དོ་ཟླ་དཀའ།།
ཡོན་ཏན་བྱེ་བའི་མཛོད་གཏེར་གྲངས་ལས་འདས།།
དེ་སྙེད་བསྟོད་པའི་ཚིག་མཐའ་སྨྲ་དཀའ་བས།།
ཆ་ཤས་རྡུལ་གྱི་ཕུང་པོ་རེ་རེར་ཡང་།།
ཉིན་མཚན་འཁོར་ལོ་སྟོང་དུ་བརྗོད་ལ་ངལ།།
ཀ་ཁའི་མ་ལ་ཡ་ཡི་ནགས་ཚལ་དུ།།
བརྩེ་བའི་རླུང་བུ་སིལ་མ་ལྡང་བ་ཡིས།།
ཚང་ཚིང་ཙན་དན་དྲི་ངད་ཕྱོགས་ཀུན་ཏུ།།
ཁྱབ་པའི་དགེ་མཚན་ཆ་ཡང་ཤིན་ཏུ་རྨད།།
དུས་གསུམ་སངས་རྒྱས་སྟོང་གི་ཡུམ་གྱི་མཆོག །
ཤེས་རབ་འདབ་སྟོང་འབུམ་གྱི་དགེ་བའི་མཚོ།།
ཆོས་ཉིད་ཟེའུ་འབྲུའི་གཏིང་ལ་རྣམ་རོལ་བའི།།
མཚོ་སྐྱེས་ལྷ་མོ་ཁྱེད་ལ་གུས་པས་འདུད།།
ཤེས་རབ་སྟོང་གི་མཁའ་འགྲོ་དབྱངས་ཅན་རྗེ།།
རྒྱལ་བ་ཀུན་གྱི་སྤྱི་དཔལ་བློ་གྲོས་མ།།
འགྱུར་ཁུགས་ངག་གི་སྨྲ་ལྕེ་རྣོ་བ་མོ།།
མཚོ་བྱུང་ངག་དབང་ལྷ་མོ་བདག་མགྲིན་རོལ།།
རྒྱང་རིང་མི་མངོན་དབྱིངས་སུ་མཉམ་བཞག་མས།།
བརྩེ་ཆེན་སྤྱན་ཟུང་ཡོམ་མེར་ལྡེམ་འཁྱུག་གིས།།
རྨོངས་ཞེན་འཁོར་བའི་འུ་ཅག་སྙིང་ཁ་རུ།།
དྲི་མེད་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ།།
སྙན་འཇེབས་ཚིག་གི་ལྷུ་རྫོགས་སྒྱུ་འཕྲུལ་མས།།
མཁྱེན་དང་བརྩེ་བའི་རབ་དཀར་དྭངས་མ་ལས།།
དབྱངས་འགྲོས་སྙན་འཇེབས་ཡིད་འོང་བདུད་རྩི་ཡིས།།
བྱིན་རློབས་མཆོག་གི་དགེ་མཚན་སྩོལ་བར་མཛོད།།
༼ རང་མདངས། ༽
