(པར་ངོས་དང་པོར་མཐུད།) ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་ཤུགས་ཆེ་རུ་གཏོང་བ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཨུ་དང་ཁུལ་ཨུ་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ“ནམ་ཡང་སེམས་ཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་དང་། “བྱ་བ་ཚང་མ་དོན་ཐོག་འཁྱོལ་བའི”ལག་བསྟར་ནུས་པ་རྒྱུན་འཁྱོངས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་པ་དང་། ཆབ་སྲིད་བརྟན་བརླིང་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་སྲིང་བརྟན་དུ་གཏང་དགོས།
ཚོགས་འདུར་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། འགོ་ཡག་པོ་འཛུགས་པ་དང་གོམ་པ་དང་པོ་ཡག་པོ་སྤོ་འགོ་བརྩམ་དགོས་ན། ངེས་པར་དུ་བདེ་འཇགས་བརྟན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྟག་ཏུ་ཕུགས་རིང་ལ་བསམ་བློ་གཏོང་བ་དང་། བདེར་སྡོད་ཉེན་བསམ་བྱེད་པ། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཚད་མཐོན་པོ་དང་ཚོར་སྣང་སྐྱེན་པོ་རྒྱུན་སྲུང་བྱེད་པ་དང་། ནན་ནན་ཏིག་ཏིག་དང་དངོས་སྒྲུབ་ཕོད་པར་རྒྱུན་འཁྱོངས་པ། ས་ཁོངས་ཀྱི་ཉེན་ཁ་མཐུན་སྦྱོར་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགལ་བ་དང་རྩོད་གཞི་ཚགས་བཤེར་གང་ལེགས་བྱེད་པ། ཆོས་ལུགས་ལས་དོན་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པ། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོར་གཏོང་བ། སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་བཟོས་པ་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དོན་རྐྱེན་བུད་པར་ནན་འགོག་མཐའ་གཅིག་ཏུ་བྱ་དགོས།
མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི་འདུ་ཤེས་བརྟན་པོར་བཅངས་ནས་ཉེན་ཁའི་ལས་འཛོལ་སྣ་ཚོགས་ཀྱི་སྣ་བརྡབས་བསླབ་བྱ་སེམས་ལ་ངེས་པ་དང་། ཆུ་ལོག་འགོག་པ་དང་གནོད་བསྙུང་། ཉེན་མེད་ཐོན་སྐྱེད། འགྲིམ་འགྲུལ་གཞུང་ལམ། མེ་ཟོན་ཉེན་མེད་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚགས་བཤེར་དང་དག་ཐེར་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། ཉེན་གཡོལ་ཐུབ་པར་བྱ་དགའ་སྤྲད་པ་སོགས་ཀྱི་ལས་ཀའི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་གནོད་འགོག་གནོད་བསྙུང་གནོད་སྐྱོབ་ཀྱི་འཚུབ་བསྟུན་ཐག་གཅོད་ནུས་པ་རྒྱུན་སྲིང་དུ་ཆེ་རུ་གཏང་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་གནོན་བཙིར་བྱས་ཏེ། “ཏང་སྲིད་འགན་འཁྲི་འདྲ་མཉམ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་དམ། འགན་འཛོལ་འགན་འཁྲི་བདའ་འདེད”དང་“དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་མཐའ་འཁྱོངས་ཏེ། འགན་འཁྲི་དོན་ཐོག་འཁྱོལ་བ་དང་། འགན་འཁྲི་མི་ཐོག་ལ་འཁྱོལ་བ་གནད་ཐུག་ས་ཚང་མར་དོན་ཐོག་འཁྱོལ་ཐུབ་པར་བྱ་དགོས།
འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
