国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དབྱར་དུས་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ།

སེར་ཤུལ་རྫོང་གིས2026ལོའི་སྦྲ་གུར་དུས་ཚིགས་སྐབས་བཞི་པ་སྤེལ་འགོ་བཙུགས།

13098_02B_20260810བྱེད་སྒོ་སྤེལ་ཡུལ།

སྤྱི་ཟླ8པའི་ཚེས7ཉིན། གནས་མཆོག་དཀར་མཛེས་ཁུལ་རྫ་ཆུ་ཁའི་ལྷན་འཛོམས་དང་།2026ལོའི་སྦྲ་གུར་དུས་ཚིགས་སྐབས་བཞི་པའི་བྱེད་སྒོ་རབ་དང་རིམ་པ་སེར་ཤུལ་རྫོང་འཇུ་སྒར་གྲོང་རྡལ་རྟ་རྒྱུག་ཐང་དུ་དངོས་སུ་སྤེལ་འགོ་བཙུགས། དབྱར་གཞུང་ལ་སླེབས་པ་ན་སྔོ་ལྗང་གོས་བཟང་གིས་བཀླུབས་པའི་རྫ་ཆུ་ཁའི་རྩྭ་ཐང་གི་ཆ་སྙོམས་མཚོ་འཕགས་སྨི4500ཡིན་ལ། དྲོད་ཚད15℃ཡི་བསིལ་རླུང་འཇམ་པོས་ཕྱོགས་བཞིའི་སྐུ་མགྲོན་ལ་བསུ་མ་ཞུས།

སྔ་དྲོའི་ཆུ་ཚོད9དང་སྐར་མ30ཡི་ཐོག་གཙོ་དོན་རོལ་དབྱངས《བརྩེ་བས་ཁེངས་པའི་རྫ་ཆུ་ཁ》ཡི་འགྱུར་ཁུག་དང་བསྟུན་ནས་འགོ་འཛུགས་མཛད་སྒོ་དེ་སྤྲོ་སེམས་འཕེལ་བའི་ཞབས་བྲོའི་སྟངས་སྟབས་ཁྲོད་ནས་སྤེལ་འགོ་བཙུགས་པ་དང་། སེར་ཤུལ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་ཁག་ནས་ཡོང་བའི་མང་ཚོགས་འཁྲབ་སྟོན་པས་ལུས་ལ་གཟབ་རྒྱས་གྱོན་ནས་གླུ་ལེན་གར་འཁྲབ་བྱས་པ་དང་། རྩེ་མདའ་དང་བེ་མདའ་ཡུལ་ཤོག་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག《 རྩེ་མདའ་སྐོར་བྲོ 》འཁྲབ་ནས་སེར་ཤུལ་མི་དམངས་ཀྱི་དཔའ་ཉམས་དང་རང་གཤིས་མངོན་ཡོད། སེར་ཤུལ་གྲོང་རྡལ་དང་སྡེ་གཞུང་མ་ཡུལ་ཤོག་གིས《མི་བརྒྱའི་རྫ་ཆུ་ཁའི་རྡུང་ལེན》དཀྲོལ་པ་དང་འབྲོག་གླུ་སྙན་མོས་སྤང་ཐང་གི་དབེན་འཇམ་ཀུན་ནས་དཀྲོགས། ལེ་ཚན་རྩེ་གྲ་རེ་རེ་བཞིན་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་། སྐྱས་སྤོས་འཚོ་བའི་བདེ་སྐྱིད་ཀྱི་རྣམ་པ་རྩྭ་ཐང་དུ་མངོན་པར་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་འགོ་འཛུགས་མཛད་སྒོར་ས་གནས་དེ་གའི་ཁྱད་ཆོས་གཙོ་བོར་བྱས་ནས་བྱང་སྡེ་ཉི་མ་རྫ་ཆུ་ཁ་སྒྱུ་རྩལ་ཚོགས་པས་སྡེ་ཁུལ་ཁག་དང་ཡུལ་གྲོང་ཁག་གི་འཁྲབ་སྟོན་པ་ཕུལ་བྱུང་ཆིག་སྟོང་ལྷག་དང་མཉམ་དུ་སྒྱུ་རྩལ་གྱི་ཤེས་རབ་དང་དམངས་སྲོལ་གྱི་ནང་དོན་མཉམ་འདྲེས་ཟབ་མོ་བྱས་ཡོད་ལ། ལེ་ཚན་སྒྲིག་སྟངས་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱས་པའི་བར་གནས་ཚུལ་ཞིབ་ཕྲ་ཚང་མར་རྫ་ཆུ་ཁའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

མི་རྣམས་ཀྱིས་འགོ་འཛུགས་མཛད་སྒོར་གནད་དོན་གལ་ཆེན་ཞིག་ལ་དོ་ཁུར་བྱེད་ཀྱིན་ཡོད་དེ། གཙོ་གཉེར་ཕྱོགས་ཀྱིས“སི་ཁྲོན་མི་བཟང”དང“དཀར་མཛེས་མི་བཟང”“ཕྱུག་འབྱོར་སྣེ་ཁྲིད་པ”“དགེ་རྒན་ཡག་ཤོས”“སྨན་པ་ཡག་ཤོས”སོགས་སྔོན་ཐོན་དཔེ་མཚོན་རིགས9ལ་བྱ་དགའ་སྤྲད་ཡོད། དེའི་དམིགས་ཡུལ་ནི་ཉེ་འཁོར་གྱི་མིག་དཔེ་བསྟན་པ་དང་། ཡར་ཐོན་དགེ་སྒྲུབ་ཀྱི་སྤྱི་ཚོགས་དར་སྲོལ་སྤེལ་བ། ཡུལ་སྡེ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆེད་དུ་རེད།

དེ་དང་ཆབས་ཅིག་བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཁྱད་ཆོས་འགྲེམས་སྟོན་ཆེན་པོ་བཞི་བཀོད་སྒྲིག་བྱས་པ་སྟེ། བརྗིད་ཉམས་ལྡན་པའི་རྫ་ཆུ་ཁའི་རྒྱལ་སྤྱིའི་པར་ལེན་འགྲན་སྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་དང་། གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན། གནའ་རྫས་ཁྲོམ་རའི་འགྲེམས་སྟོན། འབྲི་ཆུའི་ངོ་མཚར་རྡོ་ལོ་འགྲེམས་སྟོན། དེ་བཞིན་ཁྱད་ཆོས་ཚོང་དོན་ཚོགས་པའི་སྦྲ་གུར་ལས་གྲུབ་པའི་རྣམ་པ་བཅས་རེད། མར་ཇའི་དྲི་ཞིམ་དང་། ཚགས་ཤ་སྐམ་པོ། གཟུགས་མེད་ཤུལ་བཞག་གི་ལག་རྩལ་སྤུས་དག་བཅས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་ནས“སྦྲ་གུར་དཔལ་འབྱོར”དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཕྱོགས་གཉིས་ཀྱི་ནུས་པ་འཕེལ་ཐུབ་པ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྦྲ་གུར་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དེ“1+1+2+3+4+N”གྱི་རྣམ་པའི་ཐོག་ནས་སྤེལ་བ་སྟེ། བྱེད་སྒོའི་གཙོ་དོན་གཅིག(གནས་མཆོག་དཀར་མཛེས་ཁུལ་རྫ་ཆུ་ཁའི་ལྷན་འཛོམས)དང་། ལྡུམ་རའི་སྒོ་འབྱེད་དང་གན་རྒྱ་འཇོག་པའི་བྱེད་སྒོ(སེར་ཤུལ་རྫོང་སྡེ་གཞུང་མ་འབྲོག་ལས་དེང་རབས་ཞིང་ལས་གླིང་ཁུལ་གྱི་ལྡུམ་རའི་སྒོ་འབྱེད་དང་གན་རྒྱ་འཇོག་པའི་བྱེད་སྒོ)གཙོ་དོན་སྤེལ་རེས་གཉིས(ཁ་གཏད་རོགས་སྐྱོར་གྱི་གནས་ཚུལ་ཕྱིར་ལྟ་སྤེལ་རེས་ཚོགས་འདུ། ཆིང་ཁྲའོ་འཆར་གཞི) འགྲན་བསྡུར་གསུམ(རྟ་རྒྱུག་བྱེད་སྒོ་དང་། ཡུལ་དེ་གའི་གཞས་པའི་འདེམས་སྒྲུག་འགྲན་བསྡུར། སྲོལ་རྒྱུན་དམངས་ཁྲོད་ཀྱི་སྤྲོ་སྣང་འགྲན་བསྡུར) ཁྱད་ཆོས་འགྲེམས་སྟོན་བྱེད་སྒོ་བཞི(པར་ལེན་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་དང་། གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན། གནའ་རྫས་ཁྲོམ་རའི་འགྲེམས་སྟོན། འབྲི་ཆུའི་ངོ་མཚར་རྡོ་ལོའི་འགྲེམས་སྟོན)ལེ་ལག་ཚང་བའི་བྱེད་སྒོར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ཁྱོན་ཡོངས་ནས་མངོན་པར་བྱས་ནས“སི་ཁྲོན·རྫ་ཆུ་ཁའི”གྲགས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་གང་ཐུབ་བྱས། དེ་བས་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་ཞིག་ནི་སེར་ཤུལ་རྫོང་སྡེ་གཞུང་མ་འབྲོག་ལས་དེང་རབས་ཞིང་ལས་གླིང་ཁུལ་གྱི་སྒོ་འབྱེད་དང་གན་རྒྱ་འཇོག་པའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་ཆུ་ཚད་མཐོ་བའི་ཚོང་འགུགས་མ་དངུལ་འདྲེན་པའི་ལས་སྟེགས་བཏོད་དེ་རྫ་ཆུ་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

སེར་ཤུལ་རྫོང་ཨུའི་འབྲེལ་ཡོད་འགན་འཁུར་བས་སེར་ཤུལ་རྫོང་ནི་དཀར་མཛེས་ཁུལ་རྨ་ཆུ་འབབ་རྒྱུད་ཀྱི་རྫོང་ཁོ་ན་ཡིན་པའི་ངོས་ནས་རྫོང་དེར་ཐུན་མོང་མ་ཡིན་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་སྐྱེ་ཁམས་ཀྱི་ལེགས་ཆ་ལྡན་པ་དང་། ཀྲུང་ཧྭ་ཆུ་མཛོད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་དང་རིག་གནས་བརྒྱུད་འཛིན་གྱི་འགན་འཁྲི་ཉིས་བརྩེགས་ཕྲག་ཏུ་ཁུར་ཡོད། ད་ལོ་སེར་ཤུལ་རྫོང་གིས་སྦྲ་གུར་དུས་ཚིགས་གོ་སྐབས་སུ་བྱས་ནས་རྨ་ཆུ་སྟོད་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ནང་དོན་དང་སྐྱེ་ཁམས་རིན་ཐང་སྔོག་འདོན་བྱས་ནས“གཟུགས་མེད་རིག་གནས་ཤུལ་བཞག་དང་ཡུལ་སྐོར་སྐྱེ་ཁམས་ཀྱི་གསར་གཏོད་རྣམ་པར་བརྟེན་ནས“སི་ཁྲོན་སེར་ཤུལ”གྲགས་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་ཆེ་རུ་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་འདོན་བཞིན་ཡོད་པ་རེད།།

(ཀུན་དགས་བསྒྱུར།)