国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་འབྲོག་ པའི་བུ་མོ།

སྦྲ་གུར་མེ་ཏོག་འཛོམས་པའི་སྐྱེད་ཚལ་ནས།།

འབྲུ་དྲུག་མ་ཎིའི་དབྱངས་རྟ་འཐེན་ཞོར་དུ།།

དཀར་གསུམ་ཟས་ལ་རོལ་བཞིན་འཚོ་བ་ཡི།།

འབྲོག་པའི་མོ་སྨན་ཚོགས་ལ་ཡིད་རབ་དུང་།།

ཞིམ་མངར་འོ་ཇའི་མཆོད་པ་ལྷ་ལ་འབུལ།།

བྲོ་ལྡན་རྩམ་པའི་ཟས་ཕུད་ཕ་མར་སྟེར།།

འབྲོག་ཁྱིམ་གཡང་ནོར་སྲུང་བའི་མི་མོ་ལ།།

སྙིང་གི་དབུས་ནས་ཞེན་ཆགས་མདའ་མོ་ཤོར།།

ཡིད་འོང་ཐེར་ཕྲུག་འཇམ་གོས་ལུས་ལ་གྱོན།།

དགོ་དགོ་འབྲི་མོའི་བཞོ་དབྱངས་ངག་ཏུ་གྱེར།།

ལས་འབྲས་རང་གི་མིག་འབྲས་ལྟར་དུ་སྲུང་།།

གངས་ཀྱི་མཛངས་མ་དག་ལ་ཡིད་རེ་སྨོན།།

གནག་སྣུམསྐྲ་ལོ་ལན་བུ་རླུང་ཁར་སྐྱོད།།

རབ་དཀར་ངོ་ཡི་མཛེས་སྡུག་ཟླ་བར་འགྲན།།

ལྡེམ་མྱུར་གཟུགས་ཀྱི་ལང་ཚོ་སྤང་ནས་ངོམ།།

ཁ་བའི་སྐྱེས་མ་འདི་རྣམས་མིག་ལ་མཛེས།།

ལྷད་མེད་འཛུམ་ཆུང་མེ་ཏོག་འདབ་མ་གྲོལ།།

མ་བཅོས་བརྩེ་བའི་རྨུ་ཐག་ཡུན་དུ་སྲིང་།།

ཁྲེལ་གཞུང་རྫ་ཆུ་དྭངས་མ་དལ་གྱིས་བཞུར།།

མཐོ་སྒང་འབྲོག་པའི་བུ་མོ་གཅེས་པར་འོས།།

ཕ་སྐད་མ་ཡིག་རང་གི་སྲོག་ལྟར་གཅེས།།

སྦྲ་གུར་སྲོལ་བཟང་མེས་པོའི་རྒྱན་དུ་སེམས།།

མི་གཡོ་རང་གཤིས་མངའ་བའི་འབྲོག་མོ་ཚོ།།

འུ་ཅག་གངས་ཅན་བོད་ཀྱི་རྒྱུད་འཛིན་ཡིན།།

༼ འཇོ་མདའ་པདྨ། ༽