དེ་རིང་ནི་ཕྱི་ལོ2023ལོའི་ཟླ10པའི་ཚེས25སྟེ། གཟའ་ལྷག་པ་རེད། ངས་ལས་རེས་ཀྱི་འགན་ཁུར་རེ་ཞིག་རྫོགས་ཏེ་སློབ་གྲྭ་ནས་ཁྱིམ་ལ་ལོག་དུས་མཚན་མོའི་དུས་ཚོད་བཅུ་གཅིག་ཡས་མས་རེད།
ང་རང་གློག་སྐས་ལས་བུད་དེ་མྱུར་མོར་མདུན་དུ་འགྲོ་ཞོར་ཀོ་ཁུག་ལས་ལྡེ་མིག་ལེན་ཞོར་དུ་སྒོ་ཁར་འབྱོར་དུས། སྒོའི་སྲུབས་ཀ་ནས་ཚུར་བར་ཁྱམས་ཀྱི་ཐང་དང་གྱང་ངོས་སུ་འོད་ཐིག་ཅིག་གསེག་ནས་འཕྲོས་འདུག། ངས་ཡང་ཁྱོ་ཀ་ཆང་གིས་བཟི་ཡོད་ཚོད་འདུག་སྙམ་ནས་ག་ལེར་ནང་དུ་ཕྱིན་ཅིང་། དེ་ནས་ཁང་མིག་རེ་རེའི་ནང་དུ་བལྟས་པ་བརྒྱུད། ཁོ་རང་མཆོད་ཁང་དུ་ཡོད་པ་མཐོང་།
ཁོས་ཆང་བཏུང་ནས་བཟི་ཐེངས་རེར་འདི་ལྟར་སྒོ་བརྒྱབ་མ་ཕྱེ་རུ་སྐྱུར་བར་གོམས་ཡོད། ཐེངས་ཤིག་སྟབས་མ་ལེགས་པར་བུ་ཆུང་ཕྱི་རུ་ཤོར་ཏེ་ཅུང་མིན་ན་གློག་སྐས་བར་ལ་བཙིར་སོང་། ཡང་ཐེངས་ཤིག་མི་ཆེ་གེ་མོ་ཞིག་གིས་སྒོ་གཏན་མེད་པའི་གླགས་དང་བསྟུན་ཏེ་ངེད་ཚང་གི་འཁྱགས་སྒམ་ནང་གི་ཤ་ཚང་མ་ཁྱེར་སོང་། ཕྱིས་སུ་ངེད་གཉིས་ཀྱིས་གྲོས་བྱས་ཏེ་དྲྭ་སྦྲེལ་ཆོག་ཅིང་བརྙན་ཡང་ལེན་ཐུབ་པའི་རྐུན་འགོག་སྒོ་ཞིག་སྤྲད་པས། ཉིན་མོ་དེ་ནས་བཟུང་སྟེ་ཁྱིམ་དུ་རྐུན་མ་ཡོང་བར་སེམས་ཁུར་བྱེད་མཚམས་རྦད་དེ་ཆད།
ཡ་མཚན་པ་ཞིག་ནི་དེ་རིང་ཁོས་སྒོ་གཏན་མེད་ཀྱང་ཆང་གིས་བཟི་མེད་པ་དེ་རེད།
མཆོད་ཁང་དུ་བརྗིད་ཉམས་ཀྱིས་བཞུགས་སུ་གསོལ་བའི་སྟོན་པའི་གཙོ་སྐུ་ཆེན་པོ་དེའི་ཤེལ་སྒོ་ལས་མཐོང་གསལ་ལྟར་ན། ཁོས་མཆོད་ཁང་དུ་པུས་མོ་ཟུང་གི་ལྷ་ང་ས་ལ་བཙུགས་ཤིང་། ཕྱག་ཟུང་ཐལ་མོ་སྦྱར། མགོ་བོ་བྲང་ཁར་སྨད། མིག་ཟུང་བཙུམས་ཏེ་ཅི་ཞིག་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་ཟོལ་དང་བཅས་བསྡད་འདུག་པས། ངས་རང་གི་ཁྱོ་གར་མ་ཉེས་ཁ་གཡོགས་བྱས་སོང་སྙམ་སྟེ་ག་ལེར་འདྲུད་ལྷམ་ཕུད་ནས་ཁོའི་གམ་དུ་ཕྱིན་པ་ན། ཁོའི་ལག་ཏུ་ཕྲེང་བ་ཞིག་བཟུང་འདུག་པ་གསལ་པོར་མཐོང་བྱུང་། དེ་ནི་ཕལ་ཆེར་ཁོའི་ཨ་ཕ་སྟེ་ངའི་སྒྱུག་པོའི་ཙན་དན་གྱི་ཕྲེང་བ་དེ་ཡིན་པ་འདྲ། ཅི་སྟེ་དེ་ལྟར་ཡིན་ཚེ། འདི་ནི་ཁོས་རང་གི་ཨ་ཕའི་ཙན་དན་གྱི་ཕྲེང་བ་ལག་ཏུ་ལེན་ཐེངས་གཉིས་པ་རེད། ནམ་རྒྱུན་ལྟར་ན་ཕྲེང་བ་འདི་ཁོའི་སྐེ་ལ་བཏགས་ནས་ཕྱི་རུ་མི་ལེན་པས། ཁོའི་ལུས་ཡོངས་ལ་ཙན་དན་གྱི་དྲི་བསུང་ཞིམ་པོས་ཡུག་གཅིག་ཏུ་ཁྱབ་ཡོད། རྐྱེན་དེ་ལ་བརྟེན་ནས་རྒྱུས་མེད་ཀྱི་མི་མང་པོས་ཁོ་རང་མི་ཕལ་བ་ཞིག་མིན་རབས་བརྒྱ་དང་མི་བསོད་ནམས་ཅན་ཞིག་ཡིན་ལུགས་སྟོང་གིས་ཁོ་རང་བླ་མའམ་མཁན་པོའི“གསེར་གྱི་ཁྲི”ལ་མངའ་གསོལ་ལ་ཁད་བྱས་པས། ཁོ་འུ་ཐུག་སྟེ་ཕྲེང་བ་འདི་ཕྱིར་ཕྱུངས་ནས་མི་ཕལ་བ་མིན་པ་ག་ལ་ཡིན་ཚུལ་ར་སྤྲད། དེ་ནས་བཟུང་ཀུན་པོས་ཕལ་བའི་མིག་གིས་ཁོ་ལ་ལྟ་འགོ་བརྩམས་པ་རང་རེད། དེ་རིང་ཁོས་མཆོད་ཁང་དུ་ཕྲེང་བ་བཟུང་ནས་འདུག་དོན་ཅི་ཡིན་ནམ། ངས་འདང་ཇི་ལྟར་བརྒྱབ་རུང་ཧ་ཡེ་ནས་མ་གོ་བར་ཁོའི་སྐེད་པར་རྡེག་ཙམ་རྡེག་ཙམ་བྱས་པ་ན། ཁོའི་མགོ་བོ་ག་ལེར་ངའི་ཕྱོགས་སུ་འཁོར་ཏེ། “ངས་ཁྲག་རྒྱུ་ཟ་ན་འདོད”ཅེས་བཤད་རྗེས། སླར་ཡང་མགོ་བོ་ག་ལེར་ཕྱིར་མཆོད་ཁྲིའི་ཕྱོགས་སུ་འཁོར་ཏེ་ཅི་ཡང་མི་སྨྲ་བར་བསྡད།
སྐད་ཆ་འདིས་ང་རང་ཧ་ལས་ཧོན་འཐོན་དུ་བཅུག་བྱུང་སྟེ། ཁོས་ངས་ཁྲག་རྒྱུ་བཅའ་མི་ཤེས་པ་གསལ་པོར་ཤེས་ལ། སྐབས་འདི་འདྲ་ཞིག་ལ་ཕྱི་རུ་ཁྲག་རྒྱུ་ཉོ་མི་ཐུབ་པའང་ལོས་ཤེས། ཡིན་ནའང་། བསམས་ཤིང་བསམ་ན། “ངས་ཁྲག་རྒྱུ་ཟ་ན་འདོད”ཅེས་པའི་སྐད་ཆ་འདི་ནི་ངའི་རྣ་ལམ་དུ་ཐེངས་མང་པོར་བརྒྱུད་མྱོང་བ་ཞིག་ཏུ་སྣང་ཡང་སྣང་ལ། ངའི་དྲན་འཛིན་གྱི་གཏིང་ཟབ་ས་ཞིག་ཏུ་བརྡ་སྐུལ་གསལ་ལ་མི་གསལ་བ་ཞིག་གཏོང་བཞིན་འདུག་ཅིང་འདུག་པའི་མོད་ལ། ཡང་བརྗེད་ངས་རྐུན་པོ་དེ་བསམ་གཟས་ནས་ངའི་དྲན་འཛིན་གྱི་གཏིང་ཟབ་ས་རུ་འཛུལ་ཏེ་དྲག་ཐབས་ཀྱིས་བརྡ་སྐུལ་གང་དེ་ཉིད་གཞན་ཞིག་ཏུ་ཁྱེར་གྲབས་ཡོད་པའི་ཚོར་བ་ཞིག་གིས་ཀུན་ནས་བཏུམས་ཏེ། ངག་ནས་རང་དབང་མེད་པར། “ཁྲག་རྒྱུ་སང་ཉིན་དགོང་མོ་ཟ། ཁྲོམ་ར་ནས་མ་ཉོས་ན་ཁྱོས་ཁྲག་རྒྱུ་བཅའ་མི་ཤེས་པ་བརྗེད་སོང་ངམ” ཞེས་བཤད་པ་ན། ཁོས་ཕྲེང་བ་དེ་ཉིད་ལག་ཟུང་གི་སྙིམ་པར་བཅུག་སྟེ་རང་གི་དཔྲལ་བར་གླན་ནས་རེ་ཞིག་འགོར་རྗེས། གློ་བུར་དུ་ཡར་ལངས་ནས་ཕྲེང་བ་གཙོ་སྐུའི་པང་ལ་བཞག་ཅིང་། དེ་ནས་ཕྱིར་ཀྱེད་སྟེག་བཞིན་མཆོད་ཁང་གི་སྒོར་བུད།
ངས་འདྲུད་ལྷམ་གྱོན་ཞོར་དུ་ཁོའི་རྗེས་སུ་འབྲངས་ནས་ཕར་ཕྱིན་པ་ན། ཁོ་རང་ཇ་ཁང་དུ་མ་ཕྱིན་ལ་མལ་ཁང་དུའང་མ་ལོག་པར་ཐད་ཀར་སྒོ་གླེགས་ལ་འཇུས་ནས་སྒོ་འབྱེད་རྩིས་བྱས་བྱུང་བས། ངས་དེ་མ་ཐག་ཏུ་སྒོ་ཤེད་ཀྱིས་གཏན་ནས། “ལྷམ་མ་གྱོན་པར་གང་ལ་འགྲོ་བསམ་པ་ཡིན”ཞེས་བཤད་ཞོར་དུ་ཁོ་ཕྱིར་འཐེན་ཅི་ཐུབ་བྱས། སྐབས་དེར་ངའི་བསམ་པར། ཡང་འདི་ཆང་གིས་ར་བཟི་བར་གྱུར་འདུག་སྙམ་བཞིན་ཤེད་ཤུགས་ཡང་གང་ཡོད་བཏོན་ཏེ་ཁོ་རང་འཐེན་མ་འདྲུད་ཀྱིས་འབོལ་ཁྲིའི་སྟེང་སྡོད་དུ་བཅུག་མ་ཐག། ཁོ་རང་ན་རེ། “ངས་ཆང་འཐུང་མེད། སེམས་བདེ་མོ་བྱོས་དང་། ད་ནས་བཟུང་ངས་ཆང་མི་འཐུང་ཁོ་ཐག་ཡིན། ང་ལྟོགས་ཀི། ངས་ཁྲག་རྒྱུ་ཟ་ན་འདོད”ཅེས་ཟེར། ངས་ཁོའི་གྲུ་ཁུག་ལ་འཇུས་ཏེ། “ཁྱོད་ཅི་བྱུང་སོང་། ཁྱོད་རང་རྒྱུན་གཏན་ཞིག་ཡེ་ནས་མ་རེད”ཟེར་བཞིན་ཁོར་ཕུར་ཚུགས་སུ་ཅེར་ནས་བསྡད་པ་ན། ཁོས་ངའི་ལག་ཟུང་ལ་དམ་པོར་འཇུས་ཏེ་ཐུགས་དགྱེས་པའི་ཉམས་དང་བཅས། ལུག་བཤའ་ཚུལ་དང་། པགས་པ་བཤུ་ཚུལ། ཁྲག་འདོན་ཚུལ། རྒྱུ་མ་བཀྲུ་ཚུལ། ཁྲག་ལྡུག་ཚུལ། ཐབ་ལ་བཙོ་ཚུལ། ནམ་ཚོས་ཚུལ་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་བཤད་རྗེས། མིག་ཟུང་བཙུམས་ནས་རེ་ཞིག་ཁ་རོག་གེར་མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ་བསྡད་པ་དང་། དེ་ནས་ངས་ཕར་ལ་བཤད་ལོང་མ་བྱུང་བར་མུ་མཐུད་དེ། ཕ་ཡུལ་དུ་ཁྲག་རྒྱུ་དང་འབྲེལ་བའི་མགོ་རྔ་བར་གསུམ་ལ་ཁོའི་ཨ་ཕ་ལས་མཁས་པ་ཞིག་བགྲང་དུ་མེད་ལུགས་དང་། ཁོའི་ཨ་ཕའི་ལག་ནས་ཐོན་པའི་ཁྲག་རྒྱུའི་བྲོ་བ་ཞིམ་ལུགས་སོགས་ཤོད་ཀྱིན་ཤོད་ཀྱིན་ངོ་མདངས་ཡང་ཡང་གྱུར་ཅིང་། སྔམ་པ་ཡང་ཡང་འཐེན། བཤད་མཚམས་ཡང་ཡང་ཆད། གནམ་ལ་ཡང་ཡང་བལྟས་རྗེས། ཡང་ཁོའི་ཨ་ཕ་བཟའ་མི་ཡོངས་ལ་ཇི་ལྟར་གཅེས་ཚུལ་དང་། སྡེ་མི་ལ་ཇི་ལྟར་བྱམས་ཚུལ། གྲོང་གསེབ་དར་སྤེལ་ལ་ནུས་པ་ཇི་ལྟར་བཏོན་ཚུལ་སོགས་གེ་སར་རྒྱལ་པོའི་སྒྲུང་བཤད་བཤད་བྱས།
མཐར་ངའི་ལག་སྟེང་དུ་ལྗིད་ཏིག་ཏིག་གིས་ལྷུང་བའི་མིག་ཆུ་རྡོག་པོ་དེ་དག་གིས་རྔམ་ཟིལ་དང་བཅས་ངའི་སེམས་ཁོང་ལ་བྱབས་ཁྲུས་ཡང་ཡང་བྱས་སྟབས། ངས་ཡོད་ཚད་ཧ་གོ་སོང་ངོ་། །
༼ གཅན་གླག་མིག། ༽
