国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་ཟླ་རིང་མོའི་ གྱེས་ཚིག།

གྲང་རེག་ཁུར་པོ་བྱེད་པའི་སྟོན་རླུང་ཞིག།

གནས་འདིར་མགྲོན་དུ་ཕེབས་པའི་ཉིན་མོ་ནས།།

གཡུ་ལོ་ལྗོན་པའི་ཡལ་ག་རབ་གཡུག་ཅིང་།།

དབྱར་ཟླ་རིང་མོ་ཕྱོགས་ལ་བདེ་མོ་བྱེད།།

དྲི་ཞིམ་མེ་ཏོག་ལུས་ལ་འཁྱུད་བྱེད་པའི།།

བཅུད་ལེན་དགའ་མའི་གྱེས་པའི་གདུང་བ་ཡིས།།

འཛུམ་ཆུང་འདབ་ལོ་དམར་པོ་ཐང་དུ་གཏོར།།

མགོ་བོ་དུད་དུ་བསྐྱོད་ནས་མྱ་ངན་བྱེད།།

དབྱར་ཟླའི་དགའ་མ་རྒྱང་དུ་གྱེས་པ་ལ།།

དྲག་པོ་ཤུགས་གླུ་འཐེན་པའི་སྟོན་རླུང་གིས།།

སྔོན་མོ་གཡུ་ཆུང་བཞུས་ནས་བཀོད་འདྲ་བ།།

སྤང་ལྗོངས་གཡུ་ཡི་ཚོན་ཅན་རྙིང་པར་བྱེད།།

དྲག་ཆར་མཚོན་གྱི་རྗེས་སུ་རབ་སྙེག་པའི།།

སྤྲིན་གྱི་རྡོ་ཆར་འབབ་པའི་སྟོན་དུས་སུ།།

འདབ་སྟོང་གེ་སར་འཛུམ་པའི་རྒྱ་སེ་དག།

གསོན་མེད་ཤུལ་དུ་བརླག་པ་ཡིད་རེ་མུག།

འོན་ཀྱང་འདོད་འཇོ་གསེར་གྱི་ས་གཞི་ལ།།

འབྲས་དྲུག་གཡུར་དུ་ཟ་བའི་ལོ་ཏོག་དག།

སྨིན་ལེགས་རབ་ཏུ་རྫོགས་པའི་དུས་ཚིགས་འདི།།

ཨ་ཁུ་ཞིང་པའི་ཡིད་སེམས་ཅི་མི་སྤྲོ།།

བང་མཛོད་འབྲུ་ཡིས་བཀང་པའི་དུས་སྟོན་རྒྱས།།

སོ་ནམ་ལས་ལ་ཕྱོགས་པའི་ཞིང་པ་དག།

ངོ་སོ་བཅོ་ལྔའི་དུང་གི་ཟླ་ལྟར་ངོམ།།

སོ་ཕྲེང་མུ་ཏིག་འོད་ཀྱི་འཛུམ་པ་གྲོལ།།

༼ བོད་སྨྱུག། ༽