国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་རྫོང་འདན་མ་གྲོང་རྡལ་དུ་རྟ་རྒྱུག་རྩལ་འགྲན་གྱི་བྱེད་སྒོ་སྤེལ།

སྤྱི་ཟླ8པའི་ཚེས7ཉིན། དཀར་མཛེས་རྫོང་འདན་མ་གྲོང་རྡལ་ནས་དྭངས་གཙང་དཀར་མཛེས་ལ་འཛོམས་པའི་ཁ་ཆད་ཡོད་ཅེས་པའི་རྟ་རྒྱུག་རྩལ་འགྲན་གྱི་བྱེད་སྒོ་སྤེལ་བ་རེད།

རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ20ནས་ཡོང་བའི་རྟ་པ་རྣམས་ཀྱིས་རང་རང་གི་ཅང་ཤེས་རྟ་ཕོར་སྒ་ཆས་སྤྲས་ནས་རྟ་རྒྱུག་དང་འགྲོས་གཏོང་བ་སོགས་ས་གནས་རང་གི་ལྟད་མོ་བ་དང་ཡུལ་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་རྩལ་འགྲན་རང་བཞིན་དང་རིག་གནས་ཀྱི་བྲོ་བ་ལྡན་པའི་རྟའི་རྩེད་མོ་གྱ་ནོམ་པ་ཞིག་ཕུལ་བ་རེད།

དཀར་མཛེས་ནི་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ལྟེ་བ་དང་རྒྱ་བོད་ཚོང་འགྲུལ་གྱི་བརྒྱུད་ལམ་གལ་ཆེན་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ཡུལ་བབ་ལས་རྟ་རྒྱུག་རིག་གནས་བརྒྱུད་འཛིན་དང་སྐྱེད་སྲིང་བྱས་ཏེ། མངའ་ཁོངས་ཀྱི་འདན་མ་གྲོང་རྡལ་ལ“ཀྲུང་གོ་བོད་ཡུལ་གྱི་འགྲོས་མའི་ཕ་ས”ཞེས་པའི་མཚན་སྙན་ལྡན་པ་དང་། དཀར་མཛེས་རྫོང་གིས་ཀྱང་ལོ་ལྟར་རྟ་རྒྱུག་གི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མདོ་དབུས་ཁམས་གསུམ་ན་སྐད་གྲགས་ཆོད་བཞིན་ཡོད།

སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་འགྲོས་མ་གྲུ་བསྟར་རུ་ཁག་གིས་འགྲོས་མ་རྣམས་ལ་སྒ་སྟན་སྲབ་མཐུར་གྱིས་མཛེས་རྒྱན་སྤྲས་ཏེ་རྟ་རྩལ་ཐང་ནས་འགྲོས་རྩལ་ངོམ་བཞིན་བྱེད་སྒོའི་འགོ་བཙུགས་པ་རེད།

ཐོག་མར་སྤྱི་ལེ10ཡི་རྟ་རྒྱུག་འགྲན་སྡུར་སྤེལ་ཏེ་རྒྱུག་ལམ་གཡས་གཡོན་དུ་ལྟད་མོ་བ་ཚོས་འཚང་ཁ་ཤིག་ཤིག་གིས་ཀི་སྒྲ་སྒྲོག་བཞིན་རྟ་དང་སྐྱ་མི་རྣམས་ལ་ངར་ཤུགས་བསླངས་པ་དང་། ཚ་ཚ་འུར་འུར་གྱི་རྟ་རྒྱུག་འགྲན་སྡུར་མཇུག་འགྲིལ་རྗེས་འགྲོས་རྩལ་སྤྲུགས་ཏེ་ལྟད་མོ་བ་རྣམས་ལ་མིག་གི་དགའ་སྟོན་དུ་རྟའི་རྩེད་མོ་སྣ་ཚོགས་སྤེལ་བ་རེད།

ད་ཐེངས་ཀྱི་རྟ་རྒྱུག་རྩལ་འགྲན་བྱེད་སྒོ་བདེ་བླག་ངང་སྤེལ་བ་དེ་ནི་དཀར་མཛེས་རྫོང་གིས་རྟ་རྒྱུག་རིག་གནས་འབྲེལ་ཐག་ཏུ་བྱས་ཏེ་ཞིང་ལས་དང་ཡུལ་སྐོར། རིག་གནས་དང་ཡུལ་སྐོར་བཅས་མཉམ་འདྲེས་ཇེ་ཟབ་ཏུ་གཏོང་ཆེད་དང་། བྱེད་སྒོས་དཀར་མཛེས་ཀྱི་རྟ་རྒྱུག་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པར་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་ཇེ་ལེགས་སུ་བསྐྲུན་པ་དང་། ཀྲུང་གོ་བོད་ཡུལ་གྱི་འགྲོས་མའི་ཕ་ས་ཞེས་པའི་རིག་གནས་མིང་བྱང་དེ་སྔར་བས་གསལ་རྗེན་དུ་མངོན་པ་རེད།།(ནོར་བུ་དང་རྒྱ་མཚོས་བྲིས་ཤིས་པར་བླངས།)