国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལ་ངོས་དམར་དམག་རྒྱང་སྐྱོད་ཀྱི་ཡིག་ཚགས་གསོན་པོ།

གསར་བརྗེའི་ལོ་རྒྱུས་འཚོལ་ཞིབ་མཁན་རྒན་རབས་པ་ཧོང་ནེང་ཀུའེ་ཡི་གནས་ཚུལ་རགས་བཀོད།

ད་ལོ་ནི་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལས་རྣམ་པར་རྒྱལ་ནས་ལོ90འཁོར་བའི་ལོ་ཡིན་ཞིང་། གསར་འགོད་པ་ཆེད་དུ་ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་གི་ལས་འཁྱུར་ངལ་གསོ་བ་རྒན་རྒོན་ཧོང་ནེང་ཀུའེ་ལ་དམར་དམག་རྒྱང་སྐྱོད་ལ་ངོས་བརྒྱུད་པའི་གནས་ཚུལ་སྐོར་བཅར་འདྲིར་ཕྱིན། ཧོང་ནེང་ཀུའེ་ལ་བོད་ཡུལ་གྱི་གསར་བརྗེའི་ཟུར་ཁྲིད་པའི་མཚན་སྙན་ཡོད་ལ་ལ་ངོས་རྒྱང་སྐྱོད་ལོ་རྒྱུས་ཀྱི་ཡིག་ཚགས་གསོན་པོ་རེད་ཅེ་ན་མི་ཆོག་རྒྱུ་མེད། 1965ལོ་ནས་ད་ལྟའི་བར། ཁོང་ལོ60ལྷག་ལ་ཕྱོགས་བཞིར་བསྐྱོད་དེ་ལོ་རྒྱུས་ཤེས་མྱོང་ཡོད་མཁན་མི་སྟོང་ལྷག་ལ་བཅར་འདྲི་བྱས་ཏེ། རིག་དངོས་བསྡུ་གསོག་དང་ཡིག་ཆ་སྡུད་སྒྲིག། དམར་དམག་ལོ་རྒྱུས་བཤད་པ། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བཅས་བྱས་ནས་རི་ཀླུང་དུ་སྦས་པའི་དམར་དམག་རྒྱང་སྐྱོད་གཏམ་རྒྱུད་དཀར་མཛེས་ཁུལ་མཐོ་སྒང་གི་ཏང་གི་ལོ་རྒྱུས་དྲན་ཤེས་སུ་འཁོད།

དབུལ་ཕོངས་ལོ་ཟླའི་ཁྲོད་ནས་གསར་བརྗེའི་གཏམ་རྒྱུད་འཚོལ་ཞིབ་བྱས།

དུས་རབས་གོང་མའི་ལོ་རབས60པར་ལ་ངོས་དམར་དམག་གི་ལོ་རྒྱུས་ཡིག་ཆ་ལེགས་སྒྲིག་ལས་དོན་སྒྲུབ་པར་དཀའ་བ་ཆེ། དམངས་ཡོངས་ཀྱིས་ལས་སྐར་བརྩིས་ནས་འཚོ་ཐབས་བྱེད་པའི་མི་དམངས་ཀུང་ཧྲེའི་དུས་སྐབས་སུ། ཧོང་ནེང་ཀུའེ་ཡིས་གནོན་ཤུགས་ཆེན་པོའི་འོག་ལོ་བཅུ་ཕྲག་ཁ་ཤས་རིང་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་གསར་བརྗེའི་གཏམ་རྒྱུད་འཚོལ་ཞིབ་བྱས། ལོ་རབས70པའི་ནང་མའོ་ཙེ་ཏུང་གི་དགོངས་པའི་དྲིལ་སྒྲོག་རུ་ཁག་ཏུ་ཞུགས་པར་བརྟེན་ནས། ཧོང་ནེང་ཀུའེ་ཡིས་ཀུང་ཧྲེའི་གཞོན་ནུ་ལོ་ཆུང་སྤྲོ་སྐྱིད་ཁང་དང་སྡེ་ཚོགས་ཨུ་ལྷན་གྱི་འབྲེལ་ཡོད་ལས་ཀའི་འགན་ཁུར་ཡོད། 1972ལོར་ཀུང་ཧྲེའི་རྒྱང་སྒྲོག་རླུང་འཕྲིན་ས་ཚུགས་སུ་ལས་འགན་འཁུར་བར་བསྐྱོད། རྒྱང་སྒྲོག་རླུང་འཕྲིན་གྱི་ལས་རེས་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་ཁོས་སྔ་དགོང་ལས་གནས་བརྟན་དུ་བསྲུངས་ཤིང་། ཉིན་མོར་བཟའ་ཟླ་དང་མཉམ་དུ་ཞིང་ལས་བྱས་ནས་སྐར་གྲངས་ལོན་ཐབས་བྱས། འོན་ཀྱང་བཅར་འདྲི་དང་རྟོག་ཞིབ་འབོར་ཆེན་གྱིས་ཁོང་གི་ངལ་རྩོལ་དུས་ཚོད་མང་ཆེ་བ་བཟུང་བས། ཁྱིམ་གྱི་ལས་སྐར་ལོ་ཧྲིལ་པོར་མི་འདང་ནས་ལོ་ལྟར་གྲོང་ཚོའི་ནང་གི་ཕྱིར་གསབ་དུད་ཚང་དུ་གྱུར་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་རྐང་ཐང་དུ་དམར་དམག་གི་གཏམ་རྒྱུད་ཤེས་མཁན་སྟོང་ཕྲག་མང་པོར་བཅར་འདྲི་བྱས་ནས་ལ་ངོས་དམར་དམག་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཆ་ཚང31ཞིབ་དཔྱད་ལེགས་སྒྲིག་བྱས་པ་རེད། བྱ་བའི་བརྒྱུད་རིམ་ཆ་ཚང་སླར་གསོ་བྱེད་ཆེད། ཧོང་ནེང་ཀུའེ་ཡིས་ཕྱོགས་མང་པོ་ནས་ཁུངས་འཚོལ་ར་སྤྲོད་དང་བཅར་འདྲི་བྱས་པ་དང་། དོན་དག་དངོས་སུ་བརྒྱུད་མྱོང་མཁན་དང་ཁྱིམ་མི། ས་གནས་དེ་གའི་སུའུ་ཝེར་ཨེར་ལས་བྱེད་པ་དང་། མིག་གིས་དངོས་སུ་མཐོང་མྱོང་མཁན་གྱི་མང་ཚོགས་བཅས་ཀྱི་ངག་ཐོག་ནས་བརྒྱུད་པ་ཡིག་ཐོག་ཏུ་བཀོད་པ་ཞིག་རེད། ལོ་ན་གཞོན་པའི་དམར་དམག་འཐབ་འཛིང་པས་བཟའ་འབྲུ་ཆད་པ་དང་མདེའུ་ཚར་དུས་དགྲ་བོར་མགོ་བོ་མ་བསྒུར་བར་གཡང་གཟར་ལས་མཆོངས་པའི་སྙིང་སྟོབས་ཀྱི་བརྒྱུད་རིམ་ཐོས་སྐབས། ཧོང་ནེང་ཀུའེ་ཐེངས་མང་མགྲིན་པ་བརྣངས་ནས་སྐད་ཆ་ཤོད་ཁག་པོ་བྱུང་བ་ཐེངས་གཅིག་ག་ལ་ཡིན། ཁོང་གིས་ལོ་ཉི་ཤུ་ཡས་མས་ལ་སླེབས་པའི་གཞོན་ནུ་མང་པོས་དད་མོས་ཀྱི་ཆེད་དུ་རང་སྲོག་བློས་བཏང་སྙིང་སྟོབས་འདི་ཚོ་ཡིག་རིས་སུ་ཕབ་དུས་སེམས་སུ་སྨྲ་མི་ཤེས་པའི་དགའ་སྐྱོ་དང་སྙིང་སྟོབས་རྒྱས་ཡོང་ཞེས་བཤད། གཏམ་རྒྱུད་འདི་དག་གིས་ལོ་རྒྱུས་ཀྱི་དོན་དངོས་ལ་བློ་དཀར་སེམས་དཀར་དང་སྔོན་གཤེགས་དཔའ་བོར་གུས་བཀུར་ལྡན་པའི་ཁོང་ལ་གསར་བརྗེ་དཔའ་བོའི་ལོ་རྒྱུས་འབྲི་བའི་ས་བོན་བསྐྲུན།

དོན་དངོས་ཟིན་ཐོར་བཀོད་ནས་གྲོང་སྡེར་གསར་བརྗེའི་འགྲེམ་ཁང་བཙུགས།

དམར་དམག་ལ་ངོས་སུ་ཉིན50བསྡད་ནས་དཀར་མཛེས་ས་ཁུལ་གྱི་ཆུས་དང་ཡུལ་ཤོག་རིམ་པའི་སུའུ་ཝེར་ཨེར་སྲིད་དབང་དང་པོ་བཙུགས། ཧོང་ནེང་ཀུའེ་ཡིས་ཡུལ་མི་སྤུན་ཟླའི་ངག་ཐོག་གི་ལོ་རྒྱུས་དང་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས། དམག་དམངས་བར་འོ་ཆུ་ལྟ་བུའི་བརྩེ་སེམས་ཆགས་པའི་ལོ་རྒྱུས་གསོན་ཉམས་ལྡན་པ་བྲིས་ཡོད།

1984ལོར་ཧོང་ནེང་ཀུའེ་ཡིས་རེས་སྐོར་དང་པོའི་རྨང་གཞིའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་ཚར་ནས། ཡིག་འབྲུ་ཁྲི2ལ་ཉེ་བའི་མ་ཟིན་བྲིས་པ་རེད། རྩོམ་ཡིག་ལ་སྔོན་རྗེས་སུ་ཞིང་ཆེན་རིམ་པའི་གསར་འགྱུར་བྱ་དགའ་ཐོབ་པ་དང་། དུས་མཉམ་དུ་ས་གནས་ཏང་གི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་སྡེ་ཁག་གིས་བསྡུ་ལེན་བེད་སྤྱོད་བྱས། 1985ལོར་ཁོང་དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་ནས་ལོ50འཁོར་བའི་དྲན་གསོའི་རྡོ་རིང་གི་རྩིག་རྨང་འདིང་བའི་དྲན་གསོའི་བྱེད་སྒོ་གལ་ཆེན་དུ་ཞུགས། ད་ལྟའི་བར1986ལོའི་བཅར་འདྲིའི་མ་ཟིན་སོགས་ཉར་ཚགས་ཡག་པོ་བྱས་ཡོད།

སྡེ་ཚན་དང་རིམ་པ་ཁག་གིས་ཞིབ་བཤེར་སྙན་སེང་བྱས་པར་བརྒྱུད1990ལོར་ལ་ངོས་ཡུལ་ཤོག་གསར་བརྗེའི་གནས་གཞི་རྙིང་པ་ཡིན་པའི་མཆན་བཀོད་ཐོབ། ས་གནས་དེ་གར་དམར་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་དང་བང་སོ་ཁང་བསྐྲུན་པ་རེད། ཧོང་ནེང་ཀུའེ་ཡིས་བཅར་འདྲིར་དང་བསྟུན་ནས་དམར་དམག་གི་ཤུལ་བཞག་དངོས་རྫས་དང་རིག་དངོས40འཚོལ་བསྡུ་བྱས་པ་རེད། རིག་དངོས་འགྲེམ་སྟོན་དང་གསར་བརྗེའི་ལོ་རྒྱུས་མིག་མཐོང་ལག་ཟིན་ཐུབ་ཆེད་ཁོང་གིས་སྣེ་ཁྲིད་དེ་གྲོང་སྡེའི་གསར་བརྗེ་འགྲེམ་སྟོན་ཁང་བཙུགས། ད་ཆ་འགྲེམ་སྟོན་ཁང་དུ་དམར་དམག་གི་རིག་དངོས30དང་། དམར་དམག་གི་ལོ་རྒྱུས་འདྲ་པར40ལྷག། ས་གནས་ཀྱི་གནའ་བོའི་རིག་དངོས་བཅུ་ཕྲག་ཁ་ཤས། ལ་ངོས་འཕེལ་རྒྱས་ཀྱི་དངོས་བྲིས་འདྲ་པར60ལྷག་བཅས་བཤམས་ཡོད།

1996ལོར་ལྕགས་ཟམ་རྫོང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ་བ་དང་། 2005ལོར་དཀར་མཛེས་ཁུལ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་དཔྱད་འདེམས་ཐོབ་པ་ནས་བཟུང་གྲོང་སྡེའི་བཤམས་སྟོན་ཁང་དེ་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་ཕྱེ་ནས་ལོ30ལྷག་སོང་བ་དང་། རང་ཁུལ་གྱི་གསར་བརྗེའི་སློབ་ཁྲིད་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། ལག་བྲིས་ཟིན་ཐོ་ནས་གློག་ཀླད་རང་སྦྱོང་བྱེད་པའི་བར་ཧོང་ནེང་ཀུའེ་ཡིས་ཡིག་ཚགས་དང་ཚད་ལྡན་ཡིག་ཆ་སྣ་ཚོགས600ལྷག་ཀློག་བཤེར་བྱས་པ་དང་། ཡིག་འབྲུ་ཁྲི12ལྷག་གི་རྒྱུད་རིམ་རང་བཞིན་གྱི་ལོ་རྒྱུས་དཔྱད་གཞི་ཡིག་རིགས་ཀྱི་ཟིན་བྲིས་བསྒྲིགས་ནས་གྲུབ་པ་དང་། དེབ་ཧྲིལ་པོར་སྒྲིག་གཞི་ཚང་བའི་ལོ་རྒྱུས་དང་། མི་རིགས་ཀྱི་འབྱུང་ཁུངས། ཇ་འདྲེན་བདལ་ལམ། དམར་དམག་རྒྱང་སྐྱོད། ས་གནས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག། ཞིང་ནགས་སློབ་གསོ། རྨང་གཞིའི་སྒྲིག་བཀོད་སོགས་ལེའུ12དང་ཚན་པ40ལྷག་ཡོད། ངག་བརྗོད་ལོ་རྒྱུས་འབོར་ཆེན་ཁུལ་དང་རྫོང་གི་ཏང་གི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སུ་ཉར་ཚགས་བྱས།

གསར་བརྗེའི་བླ་སྲོག་བསྐྱངས་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བྱས།

ཧོང་ནེང་ཀུའེ་ཡིས་གསར་བརྗེའི་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་རིགས་སྒྲིག་པ་ཁོ་ན་ཙམ་མ་ཡིན་པར། ལོ་བཅུ་ཕྲག་ཁ་ཤས་ལ་ས་གནས་རིག་གནས་སྲུང་སྐྱོང་དང་། ལ་ངོས་ཀྱི་ཀུའེ་ཆུང་འཚེམ་དྲུབ་བརྒྱུད་འཛིན་ལས་འགན་དུས་གཅིག་ཏུ་ཁུར་ནས་གསར་བརྗེའི་རིག་གནས་དང་བོད་རིགས་ཀྱི་སྣ་མང་དམངས་སྲོལ་རིག་གནས་མཉམ་དུ་འདྲེས་པའི་གྲོང་སྡེ་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད་པ་རེད།

དུས་རབས་གོང་མའི་ལོ་རབས70པར་ཧོང་ནེང་ཀུའེ་ཡིས་དམངས་ཁྲོད་སྒྱུ་རྩལ་པ་རྒན་གྲས་དགེ་རྒན་དུ་བསྟེན་ནས་ཨང་ཀྲོའུ་སྐོར་བྲོ་སྦྱངས་པ་དང་ཀུང་ཧྲེའི་དྲིལ་སྒྲོག་རུ་ཁག་ལ་བརྟེན་ནས་ནང་སྦྱོང་འཁྲབ་སྟོན་དང་སྲོལ་རྒྱུན་བོད་རིགས་གླུ་གར་ཁྱབ་གདལ་བཏང་། ས་གནས་དམངས་སྲོལ་ཞིབ་འཇུག་བྱས་ནས་སི་ཁྲོན་སློབ་ཆེན་གྱི་ལོ་རྒྱུས་དགེ་རྒན་ཆེན་མོ་བའི་མཛུབ་ཁྲིད་འོག་ཀུའེ་ཆུང་རིག་གནས་ཞིབ་སྦྱོང་བྱས་ནས《རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་མི་རིགས་རིག་གནས་ཀྱི་འབྱུང་ཁུངས》རྩོམ་སྒྲིག་བྱས།

ཁོང་གི་སྣེ་ཁྲིད་འོག་ད་ཆ་ལ་ངོས་ཡུལ་ཤོག་ཏུ་ཀུའེ་ཆུང་འཚེམ་དྲུབ་དང་ཨང་ཀྲོའུ་སྐོར་བྲོ་གཉིས་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་གྱུར། ལ་ངོས་ཕག་ཤ་དང་ཀུའེ་ཆུང་གཉེན་སྒྲིག་གོམས་སྲོལ་སོགས་ཁུལ་དང་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་ཚུད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ50ལྷག་གསོ་སྐྱོང་བྱས།

ཐོག་མའི་བསམ་འདུན་བཅངས་ནས་གསར་བརྗེའི་མེ་ཏོག་ཀུན་ནས་གསོ།

མི་ཚེའི་ལང་ཚོ་གཞི་རིམ་གྱི་གསར་བརྗེའི་གཏམ་རྒྱུད་ཡིག་ཐོག་ཏུ་འགོད་པ་དང་སྒྲོག་འགྲེལ་ལ་ཕུལ་བའི་ཧོང་ནེང་ཀུའེ་ལ་བོད་ཡུལ་གྱི་གསར་བརྗེའི་ཟུར་ཁྲིད་པ་ཞེས་འབོད། ལོ་རེར་ཆ་སྙོམས་གསར་བརྗེའི་ཆེད་དོན་སྒྲོག་འགྲེལ་ཐེངས་བཅུ་ཕྲག་ཁ་ཤས་བྱས། དེང་རབས་ཀྱི་ལ་ངོས་གཞོན་ནུ་ཚོས་ཕ་ཡུལ་གྱི་རྒྱང་སྐྱོད་ལོ་རྒྱུས་རྒྱུས་ལོན་བྱས་ཚུལ་སྐོར་གླེང་སྐབས་ཁོང་གིས་དུས་རབས་གསར་པའི་གཞོན་ནུ་ཚོར་ཕ་ཡུལ་གྱི་གསར་བརྗེའི་ལོ་རྒྱུས་ལ་མོས་སེམས་ཧ་ཅང་ཆེན་པོ་ཡོད་པ་དང་། ས་གནས་དེ་གའི་གཞོན་ནུ་དེ་བས་མང་པོས་རང་འགུལ་ངང་གསར་བརྗེའི་ལོ་རྒྱུས་ཀྱི་དོན་དངོས་སློབ་སྦྱོང་དང་། གསར་བརྗེའི་དང་བླངས་འགྲེལ་བཤད་ནང་ཞུགས་ཀྱིན་ཡོད་ཅེས་བཤད། འབྱུང་འགྱུར་བསམ་འདུན་སྐོར་གླེང་སྐབས་ཧོང་ནེང་ཀུའེ་ཡིས་གཅིག་ནི་ས་གནས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་ཁུངས་སྔར་ལས་བསྔོག་དགོས་པ་དང་། གཉིས་ནི་ད་ཡོད་ཀྱི་གསར་བརྗེའི་རྗེས་ཤུལ་དང་རིག་དངོས་བཤམས་སྟོན་ཁང་སོགས་སུ་ཉར་བ་དང་གཟུགས་མེད་རིག་གནས་རིག་གནས་ཤུལ་བཞག་གི་གཞི་རྟེན་བཅས་ཁྱོན་ཡོངས་ནས་བསྲུང་དགོས། གསུམ་ནི་ད་ཡོད་ཀྱི་གྲོང་སྡེའི་བཤམས་སྟོན་ཁང་རིམ་སྤོར་བསྒྱུར་བཀོད་བྱས་ཏེ་ཚད་ལྡན་ཅན་གྱི་ཡུལ་ཤོག་རིམ་པའི་ལ་ངོས་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་དགོས། བཞི་ནི་གསར་བརྗེ་དང་གཟུགས་མེད་རིག་གནས་རིག་གནས་ཤུལ་བཞག་བརྒྱུད་འཛིན་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་བཏང་ནས་དམར་དམག་གི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་བསྐྱང་དགོས་ཞེས་བཤད།

ཧོང་ནེང་ཀུའེ་ཡིས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་སྙིང་སྟོབས་ཀྱི་སྙིང་བཅུད་སྒྲོག་འགྲེལ་གྱི་ཨང་དང་པོར་བཞག་ནས། མང་ཚོགས་ལ་སྔོན་གཤེགས་དཔའ་བོ་མི་བརྗེད་པ་དང་ཐོག་མའི་བསམ་འདུན་བསྲུང་དགོས་པའི་སློབ་གསོ་བྱས་དང་བྱེད་བཞིན་ཡོད་པ་རེད།།

( བདེ་སྐྱིད་ཀྱིས་བྲིས།)