国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནོར་མཛོད་གསེར་གྱི་ལྡེ་མིག་ལས།། རིག་གནས་གཟི་འོད་ལམ་མེར་འཕྲོས།།

བྲག་མགོ་ཏེ་དར་བོད་ཀྱི་གོས་རྒྱན་རིག་གནས་བཤམས་མཛོད་ཁང་གི་ངོ་སྤྲོད་རགས་བསྡུས།

གོས་རྒྱན་ནི་མི་རིགས་ཤིག་གི་རྟགས་མཚན་དང་མཚོན་བྱེད་དེ། དངོས་པོའི་དཔལ་ཡོན་གྱི་ཉིང་བཅུད་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་བླང་དོར་དང་དུས་ཀྱི་འཕོ་འགྱུར། རིག་གནས་ཀྱི་རིན་ཐང་མཚོན་ཡོད་པས། མི་རིགས་ཤིག་གི་དཔལ་ཡོན་གྱི་ཚད་གཞི་དང་མཛེས་དཔྱོད་དོན་སྙིང་ལ་གསེད་བཀྲོལ་དང་རྒྱུས་ལོན་བྱེད་པའི་གཞི་རྟེན་གཙོ་བོའང་ཡིན།

བོད་རིགས་ནི་ལོ་རྒྱུས་རྒྱུན་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ལ། རྣམ་པ་དང་ཁ་དོག་མི་འདྲ་བའི་བོད་ཀྱི་གོས་རྒྱན་གྱིས་གནའ་ནས་ད་ལྟའི་བར་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་ཡོད་པས། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གོས་རྒྱན་རིག་གནས་ཁྲོད་གོ་གནས་ངེས་ཅན་བཟུང་ཡོད།

བྲག་མགོ་རྫོང་ལི་སྟོད་གྲོང་རྡལ་དུ་ཡོད་པའི་ཏེ་དར་བོད་ཀྱི་གོས་རྒྱན་རིག་གནས་བཤམས་མཛོད་ཁང་དེ2023ལོའི་ཟླ་བ5པར་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་དང་། དེ་ནི་གངས་ལྗོངས་མི་རིགས་ཀྱི་གོས་རྒྱན་ནོར་མཛོད་ཅིག་སྟེ་རིག་དངོས་མྱུར་སྐྱོབ་དང་རིགས་གཞུང་ཞིབ་འཇུག། གསོན་ཉམས་འགྲེམས་སྟོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། རིག་གནས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ལམ་བུར་སྐྱོད་བཞིན་གོས་རྒྱན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་རེད།

བཤམས་མཛོད་ཁང་དེ་བྲག་མགོ་རྫོང་མཁར་དང་བར་ཐག་སྤྱི་ལེ་སུམ་ཅུ་ཙམ་ཡོད་ལ། འཛུགས་སྐྲུན་གྱི་བཟོ་དབྱིབས་ལྡེ་མིག་ཅིག་དང་འདྲ་ཞིང་རིག་གནས་གསེར་གྱི་ལྡེ་མིག་གི་དོན་སྙིང་མཚོན་པ་དང་། གྱང་ལ་སྲོལ་རྒྱུན་གྱི་འོ་མའི་གྱང་གི་བཟོ་རྩལ་སྤྱད་དེ་བོད་རིགས་སྲོལ་རྒྱུན་འཛུགས་སྐྲུན་གྱི་མཛེས་དཔྱོད་རིག་པ་དང་དེང་རབས་འཛུགས་སྐྲུན་མཉམ་དུ་འདྲེས་པར་བྱས་ཡོད། བཤམས་མཛོད་ཁང་དུ་འགྲེམས་ཁང9ཡོད་དེ། བོད་ཀྱི་སྲོལ་རྒྱུན་གོས་རྒྱན་དང་རྒྱན་སྤྲོས་རིག་དངོས2000ལྷག་ཉར་ཡོད་ལ། སི་ཁྲོན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནས་མངའ་རིས་དང་དབུས་གཙང་། ཨ་མདོ། མི་ཉག། ཧོར་སོགས་ས་ཁོངས་ཁག་གི་ཁྱད་ཆོས་གོས་རྒྱན་མ་ལག་གཅིག་ཏུ་བསྡུས་པ་དང་། ས་ཁོངས་མི་འདྲ་བའི་བོད་ཆས་འཚེམ་བཟོ་ལག་རྩལ་དང་། སྣམ་བུའི་རི་མོ། དངུལ་རྒྱན། དམངས་སྲོལ་གུས་ལུགས་སོགས་བོད་རིགས་གྱོན་ཆས་རྟེན་རྫས་བཤམས་མཛོད་ཁང་གཞི་ཁྱོན་ཆེ་བ་ཞིག་ཡིན་པ་རེད།

རིམ་བཞིན་མེད་པར་ཆགས་ཉེན་ཡོད་པའི་གོས་རྒྱན་རིག་གནས་འདི་དག་མྱུར་སྐྱོབ་བྱ་ཆེད། ལས་གཞི་ཚོགས་པས2018ལོ་ནས་བཟུང་བོད་འབྲེལ་ས་ཁུལ་དུ་བསྐྱོད་དེ་དམངས་ཁྲོད་ནས་གོས་རྒྱན་རིག་གནས་འདི་དག་བསྡུ་རུབ་བྱས་ཤིང་། སྲོལ་རྒྱུན་ཡུལ་སྲོལ་གོམས་གཤིས་དང་དེང་རབས་འཚོ་བའི་འགྱུར་ལྡོག་གི་ཤུགས་རྐྱེན་འོག་གོས་རྒྱན་རྙིང་པ་དང་ལག་རྩལ་རྙིང་པ་མི་ཉུང་བ་ཞིག་མུ་མཐུད་དེ་མེད་པར་ཆགས་པ་དང་། ལག་རྩལ་ཁག་གཅིག་ནི་མི་རྒྱུད་དང་སྒྱུ་རྩལ་ཆད་པ་སོགས་ཀྱི་དཀའ་གནད་མང་པོར་འཕྲད་ཡོད། ལས་སྒྲུབ་མི་སྣ་ཚོ་གྲོང་སྡེ་སོ་སོར་བསྐྱོད་དེ་དམངས་ཁྲོད་དུ་ལུས་པའི་དངོས་རྫས་རྙིང་པ་འཚོལ་སྡུད་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པར་བཅར་འདྲི་བྱས་པ་དང་། དངོས་རྫས་རྩ་ཆེན་མང་པོ་མྱུར་སྐྱོབ་དང་བསྡུ་རུབ་བྱས་ནས་བོད་ཀྱི་གོས་རྒྱན་རིག་གནས་ཀྱི་རྩ་བ་མ་འདོར་བར་ཡུན་ནས་རིང་དུ་གནས་ཐུབ་པར་ཕན་ནུས་ཆེན་པོ་བྱུང་ཡོད།

བཤམས་མཛོད་ཁང་གིས་གོས་རྒྱན་ཉར་ཚགས་དང་བཤམས་སྟོན་ཙམ་དུ་མ་ཟད། སྲོལ་རྒྱུན་རིག་གནས་དེ་དག་གསོན་ཉམས་ལྡན་པའི་སྒོ་ནས་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། བཤམས་མཛོད་ཁང་དུ་ཨང་ཀི་རིག་ལྡན་ཉམས་ལེན་ཁུལ་བཙུགས་ནས་དེང་རབས་ཨང་ཀི་ཅན་གྱི་བྱ་ཐབས་སྤྱད་དེ་ལྟད་མོ་བ་ཚོས་སྲོལ་རྒྱུན་བོད་ཆས་ལ་མྱོང་རོལ་བྱེད་ཆོག་པ་དང་། ཆེད་ལས་ཞིབ་འཇུག་ཚོགས་པ་བཙུགས་ནས《བྲག་མགོའི་གོས་རྒྱན》དང《མི་ཉག་གོས་རྒྱན》གྱི་བོད་རྒྱ་དབྱིན་གསུམ་གྱི་དཔེ་ཚོགས་ལེགས་སྒྲིག་དང་རྩོམ་སྒྲིག་དཔེ་སྐྲུན་བྱས་ཏེ་ས་གནས་ཀྱི་གོས་རྒྱན་རིགས་གཞུང་ཞིབ་འཇུག་གི་སྟོང་ཆ་གསབ་པ་དང་། དཔེ་ཚོགས་དེ་རྒྱལ་ཡོངས་ཀྱི་མཐོ་སློབ་དང་དཔེ་མཛོད་ཁང་ལ་ཕྱོགས་ནས་སྤྱི་ཕན་ཞལ་འདེབས་བརྒྱུད་བསྒྲགས་བྱས་པ་རེད། རྒྱུན་པར་མཐོ་སྒང་གི་མི་རིགས་གོས་རྒྱན་འགྲེམས་སྟོན་དང་། རིག་གཞུང་ཞིབ་བསྡུར། ལག་རྩལ་སྤེལ་རེས་བཅས་ཀྱི་བྱེད་སྒོ་སྤེལ་ནས་བརྒྱུད་འཛིན་པའི་སྤེལ་རེས་འགྲེམས་སྟོན་ལས་སྟེགས་བསྐྲུན་ཏེ་བེམ་གཟུགས་ཀྱི་རིག་དངོས་ལ་གསོན་ཤུགས་འཕེལ་བར་བྱས།

བཤམས་མཛོད་ཁང་གི་ལས་གཞི་དེ་ལི་སྟོད་གྲོང་རྡལ་ནས་འཛུགས་སྐྲུན་ལག་ལེན་བསྟར་ཏེ་རིག་གནས་ཀྱི་ནུས་པ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བ་རྒྱུན་འཁྱོངས་ཤིང་། ས་གནས་དེ་གའི་མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པར་མ་ཟད། འགྲེལ་བཤད་པ་དང་གཙང་སྦྲ་བ། རིག་གནས་གསར་གཏོད་ཞབས་ཞུ་སོགས་ལས་གནས་མང་པོ་མཁོ་འདོན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་ཤུགས་ཆེན་བཏང་། ད་ཆ་ཏེ་དར་བོད་ཀྱི་གོས་རྒྱན་རིག་གནས་བཤམས་མཛོད་ཁང་དེ་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ལམ་ཐིག་ཐོག་གི་རིག་གནས་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དང་མཁས་དབང་མང་པོ་ལྟ་སྐོར་དང་རྟོག་ཞིབ་ལ་ཕེབས་ནས་བྲག་མགོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

མཛེས་སྡུག་དང་རིན་ཐང་ལྡན་པའི་བོད་ཀྱི་གྱོན་ཆས་རེ་རེས་ལོ་ངོ་སྟོང་གི་གངས་ལྗོངས་ཀྱི་ལོ་རྒྱུས་དྲན་ཤེས་མཚོན་ཡོད་ལ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་བདེན་དཔང་ཡང་བྱེད་ཀྱིན་ཡོད། མ་འོངས་པར་གོས་རྒྱན་རིག་གནས་བཤམས་མཛོད་ཁང་གིས་མུ་མཐུད་དེ་དངོས་རྫས་ཉར་ཚགས་སྲུང་སྐྱོང་དང་། རིགས་གཞུང་སྔོག་འདོན། གསོན་རྣམ་བརྒྱུད་འཛིན་ཡག་པོ་བཅས་བྱས་ཏེ་བོད་ཀྱི་གོས་རྒྱན་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བཞིན་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་རིག་གནས་བརྒྱུད་འཛིན་གསར་གཏོད་དང་ཡུལ་སྡེའི་རིག་གནས་དར་རྒྱས་ཡོང་བར་མུ་མཐུད་དེ་རིག་གནས་ཀྱི་སྟོབས་ཤུགས་བསྣན་རྒྱུ་ཡིན་པ་རེད།།( ནོར་བུ་དང་རྒྱ་མཚོས་བྲིས་ཤིང་པར་བླངས།)