国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གྱི་ལྷན་འཛོམས་གླེང་བའི་རེག་ཟིག།

བསིལ་རླུང་འཇམ་པོ་དེའི་ནང་དུ་དྲོད་ཁོལ་ཞིག་ལྡང་གིན་སྟོན་ཀ་དེ་ལྟར་རྫོགས་སོང་། ཤག་ཤག་འབབ་པའི་ཆར་སྒྲ་དེ་ཡིས་མཛེས་སྡུག་ལྡན་པའི་དཔྱིད་ཟླ་རིང་མོ་བསུ་བར་བྲེལ་གྱིན་འདུག། ངས་ཕྱི་རུ་ཆར་པ་འབབ་ཀྱིན་པའི་སྒྲ་ལ་རྣ་བ་བླགས་ཏེ་མཛེས་སྡུག་གི་དཔྱིད་དཔལ་རིང་མོ་ཇི་ལྟར་ལོངས་སུ་སྤྱོད་དགོས་པར་བསམ་གཞིག་གཏོང་གིན་ཡོད། ད་ལོའི་དཔྱིད་ཟླ་འདིའི་ནང་དུ་ངས་དུས་ཚོད་ཀྱི་ཆུ་བོ་ཇི་ལྟར་བཞུར་ནས་འཛད་དགོས་ན་ཡང་། སོས་དལ་དང་ལྷིང་འཇགས་ཀྱི་གསེང་ནས་མཛེས་སྡུག་གི་དཔྱིད་དཔལ་འདི་ཉིད་རོལ་མྱོང་ཡིད་ཚིམ་པ་ཞིག་བྱ་འཆར་ཡོད། ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་པའི་དགུན་ཚིགས་སུ་ངས་དཔྱིད་དཔལ་གྱི་མཛེས་སྡུག་སེམས་ལ་དྲན་ནས་དེའི་ཆེད་དུ་སེམས་གཅོང་གནང་མི་དགོས་པ་ཞིག་བྱ་འཆར་ཡོད། དེ་ལྟར་དྲན་པ་ནི་ང་ཁོ་ན་ཙམ་མ་ཡིན་པར་སྙིང་ཉེ་ངེད་གཉིས་ཀྱི་རེ་བའི་འདུན་མ་ཆེན་པོ་ཞིག་ཀྱང་ཡིན་ནོ།།

ཞོགས་པའི་ཉི་མ་སེར་པོ་མཁའ་དབྱིངས་ནས་འཆར་ལ་ཉེ་བའི་བར་གླགས་དེར། སྙིང་ཉེ་ངེད་གཉིས་ཀྱིས་རས་གུར་ཆུང་ཆུང་ཞིག་ཁྱེར་ནས་རྩྭ་ཐང་དུ་སྤྲོ་གསེང་ལ་འགྲོ་གྲབས་བྱས་པ་ཡིན། སྙིང་ཉེ་ངེད་གཉིས་བྱ་བའི་དབང་གིས་དུས་རྒྱུན་སྤྲོ་གསེང་འགྲོ་བའི་དུས་ཚོད་ཧ་ཅང་ཉག་ཕྲ་ན་ཡང་། འོན་ཀྱང་ངེད་གཉིས་དཔྱིད་དཔལ་ཚེས་ཐེངས་རེར་ཁོམ་སྐབས་ཕྲན་ཙམ་ལས་མེད་ཀྱང་སྤང་ཐང་དུ་འགྲོ་བ་གོམས་གཤིས་སུ་ཆགས་ཡོད། ངེད་གཉིས་རྩྭ་ཐང་དུ་སྤྲོ་གསེང་འགྲོ་དུས་གྲོགས་པོ་གཞན་པ་སུ་ལ་ཡང་བརྡ་མི་གཏོང་བར་ངེད་གཉིས་ཁེར་མོར་འགྲོ་བ་ཡིན། གྲོགས་པོ་གཞན་པ་མེད་པར་ངེད་གཉིས་ཁེར་མོ་འགྲོ་བ་དེ་སྙིང་ཉེ་ལགས་ཀྱི་དྲན་ཚུལ་ཡིན་ལ་ངའི་དྲན་ཚུལ་ཡང་ཡིན་ནོ།། སྙིང་ཉེ་ངེད་གཉིས་ཡུལ་ལྗོངས་ཧ་ཅང་མཛེས་པའི་རྩྭ་ཐང་ཞིག་ཏུ་བསྡད་ན་བསམས། རྩྭ་ཐང་དེ་རུ་ཁ་པར་གྱི་བརྡ་རྟགས་མེད་ན་ཆོག་མོད། འོན་ཀྱང་ཤང་ཤང་དུ་བཞུར་བའི་ཆུ་ཕྲན་དང་། བསིལ་བསིལ་དུ་ལྡང་བའི་རླུང་བུ། ད་དུང་ལྷང་ལྷང་དུ་གྲག་པའི་བྱ་བྱིའུ་དང་ཐོལ་ཐོལ་དུ་འཕྱུར་བའི་སྤྲིན་དཀར་སོགས་མེད་ན་ག་ལ་ཆོག། གནས་སྟངས་དེ་འདྲའི་འོག་གི་ངེད་གཉིས་ནི་ད་གཟོད།”བག་དྲོ་ཉམས་དགའ་སེམས་ཁམས་དྭངས་ཤིང་གསལ།”ཞེས་པའི་དཔེ་མཚོན་ལ་བཞག་ན་མི་འགྲིག་པ་མེད་པར་སེམས་སོང་།

སྙིང་ཉེ་ངེད་གཉིས་རྩྭ་ཐང་དུ་སྤྲོ་གསེང་འགྲོ་བར་དགའ་དོན་རྒྱུ་མཚན་གཉིས་ཡོད། གཅིག་ནི་ངེད་གཉིས་ལ་ལྷིང་འཇགས་ཀྱི་སེམས་ཁམས་ཤིག་ཡོད་པས། ཁུ་སིམ་གྱི་གནས་ཤིག་ནས་ནང་སེམས་ཀྱི་བདེ་སྐྱིད་ལོངས་སུ་སྤྱོད་འདོད་པས་ཡིན་ལ། རྒྱུ་མཚན་ཅིག་ཤོས་ནི་རྩྭ་ཐང་དུ་ངེད་གཉིས་ལ་ཅིས་ཀྱང་བརྗེད་ཐབས་བྲལ་བའི་ཕྱིར་དྲན་རིང་མོ་ཞིག་ཡོད་པས་ཡིན། འདས་པའི་ལོ་གཉིས་ཀྱི་དབྱར་ཁ་ཞིག་ལ་སྙིང་ཉེ་ངེད་གཉིས་རྩྭ་ཐང་དུ་ཐེངས་དང་པོར་སོང་བ་ཡིན། དེ་དུས་དབྱར་ཟླ་དྲུག་པའི་ནང་ཡིན་པས་མེ་ཏོག་དག་སོ་མར་སྐྱེ་བཞིན་འདུག། ཏག་ཏག་ད་ལྟའི་དུས་ཚིགས་འདི་འདྲ་ཞིག་ལ་འཁེལ་ཡོད་པ་འདྲ། ངེད་གཉིས་མཛེས་སྡུག་གི་མེ་ཏོག་ཧ་ཅང་མོད་ལ་ཐང་ཆེ་ཞིང་ཆུ་ཕྲན་དལ་གྱིས་བཞུར་གྱིན་པའི་གནས་ཤིག་ནས་ཁམས་སངས་བཏང་ནས་བསྡད་པ་ཡིན། མཚན་མོ་དེར་སྙིང་ཉེས་ངའི་མི་ཚེ་ཡི་ནང་དུ་བརྗེད་ཐབས་བྲལ་བའི་ཕྱིར་དྲན་ཞིག་བཞག་བྱུང་། ཕྱིར་དྲན་དེ་ནི་ངས་མི་ཚེ་འདིར་གཏན་དུ་བརྗེད་མི་སྲིད་ན་ཡང་ངས་ཁ་པར་གྱི་ཟིན་ཐོའི་ངོས་སུ”སྤྱི་ལོ ༢༠** ༦ ༢༢ མཚན་མོར་ང་ལ་ཕྱིར་དྲན་རིང་མོ་ཞིག་གི་གཏམ་རྒྱུད་ཡོད།”ཅེས་བྲིས་ཡོད། དེ་ད་རུང་ཟིན་ཐོའི་ནང་དུ་འདུག། ས་ཆ་དེ་དང་ས་ཆ་དེ་ནས་བྱུང་བའི་གཏམ་རྒྱུད་དག་ངའི་ཕྱིར་དྲན་གྱི་མེ་ལོང་ངོས་སུ་གཏན་དུ་ཡལ་བ་མི་འདུག། དེ་ནི་ངའི་མི་ཚེའི་ནང་དུ་གཏན་དུ་བརྗེད་ཐབས་བྲལ་བའི་མཛེས་སྡུག་གི་ཕྱིར་དྲན་ཞིག་ཡིན། ཕྱིར་དྲན་གྱི་བག་ཆགས་དེ་ཉིད་སེམས་ལ་མགལ་མེའི་འཁོར་ལོ་བཞིན་ཡང་ཡང་འཁོར་མཐར། ད་གཟོད་སྙིང་ཉེ་ངེད་གཉིས་རྩྭ་ཐང་དུ་སྤྲོ་གསེང་འགྲོ་བ་ལྷག་པར་དགའ་སོང་། རྩྭ་ཐང་དང་ཁམས་སངས་ལ་དགའ་བ་ཙམ་མ་ཡིན་པར་ངེད་གཉིས་ཀྱི་འདས་སོང་གི་དོན་དག་ལ་སླར་ཡང་ལག་པས་རེག་འདོད་པ་ཡང་ཅི་ལ་མིན་ཨང་།

དེ་རིང་ངེད་གཉིས་རྩྭ་ཐང་དུ་སྤྲོ་གསེང་འགྲོ་སའི་ས་ཆ་དེ་ཙམ་ཐག་མི་རིང་། འདས་པའི་ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་ཁམས་སངས་འགྲོ་སའི་ས་ཆ་དང་འདྲ་བར་མེ་ཏོག་མང་ལ་ཆུ་ཕྲན་ཡང་འདུག། རྟ་ནོར་ལུག་གསུམ་དང་། བྱ་དང་བྱིའུ་ཡི་སྒྲ་དབྱངས་སྙན་མོ་ལས་གཞན་འུར་ཟིང་ཅན་གྱི་སྒྲ་ཅི་ཡང་མི་འདུག་པས་ནང་སེམས་ལ་བག་ཕེབས་ཀྱི་ཚོར་བ་ཞིག་ངང་གིས་སྟེར་བར་བྱེད། ངེད་གཉིས་ཧ་ཅང་གྲ་དག་པོ་བྱས་ནས་སོང་བ་ཡིན། ངས་རས་གུར་དེ་རྒྱབ་ཏུ་ཁུར་ནས་ལག་གཡས་པས་ཚ་དེམ་བཟུང་ཡོད་ལ་ཚ་དེམ་དེའི་ནང་དུ་རྒྱ་ཇ་ཞིམ་ཐག་ཆོད་པ་ཞིག་སྦངས་ནས་ཁུར་ཡོད། ལག་གཡོན་པས་པར་ཆས་བཟུང་ནས་ཡོད། སྙིང་ཉེས་སིལ་ཏོག་དང་བཏུང་རིགས་སོགས་ཟ་རྒྱུ་མང་པོ་ཞིག་ཁུག་མ་དམར་པོ་དེ་ཙམ་ཆུང་རྒྱུ་མེད་པ་ཞིག་གི་ནང་དུ་བླུགས་ནས་རྒྱབ་ཏུ་ཁུར་ཡོད་ལ། ལག་གཡས་པས་ཁུག་མ་ཆུང་ཆུང་ཞིག་བཟུང་ནས་ནང་དུ་སྐྲ་དང་ལུས་པོ་བཀྲུ་བྱེད་ད་རུང་གདོང་བ་མཛེས་བཟོ་བྱེད་ས་སོགས་ནང་དུ་བཅུག་འདུག། ལག་གཡོན་པས་སྤང་ཐང་དུ་སྡོད་དུས་སྔོ་དུག་མི་ཕོག་ཆེད་ས་སྟན་ཚད་ལ་རན་པ་ཞིག་བཟུང་འདུག། འོ་ངས་བརྗེད་ཀྱིན་འདུག། མོས་ད་ནངས་སྔ་མོ་ཞིག་ནས་དེ་རིང་ལུས་པོ་དཔེ་མེད་ཅིག་བཀྲུ་དགོས་ཞེས་ང་ལ་ལན་འགའ་བཤད་བྱུང་། རྩྭ་ཐང་ནས་རི་ཆུ་ནགས་གསུམ་ལ་མིག་གིས་རོལ་མྱོང་བྱེད་པ་ལས་གཞན། སྙིང་ཉེ་ཡི་དཀར་ལ་ཕྲ་བའི་སྐྱེས་གཟུགས་དེ་ཉིད། ཉི་འོད་ཀྱི་ཟེར་མ་སྟེང་དུ་ཕོག་སྟེ་འོད་འཚེར་འཚེར་བྱེད་པའི་རྣམ་པ་མཐོང་བ་དེ་ཡང་མིག་གི་ལོངས་སྤྱོད་མཆོག་ཏུ་གྱུར་པ་ཞིག་ཅི་ལ་མིན་ཨང་། ངས་སྙིང་ཉེ་ཡི་དཀར་ཞིང་གཙང་བའི་སྐྱེས་གཟུགས་ཡོངས་རྫོགས་ཉི་འོད་ཀྱི་ཀློང་ནས་དེ་སྔོན་མཐོང་མྱོང་མེད། རྣམ་པ་དེ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་ངེས་ཨང་།

དེ་རིང་གི་ཉི་མ་ཧ་ཅང་དྲོ། མཁའ་དབྱིངས་སུ་ལམ་ལམ་རྒྱུ་བཞིན་པའི་སྤྲིན་པ་ཡུག་གཅིག་ཀྱང་མེད་པར་ནམ་མཁའ་དྭངས་ཤིང་སྔོ། རི་ཆུ་ནགས་གསུམ་ཀུན་ཏུ་མར་ཁུའི་མདངས་དང་ལྡན་པའི་ཉི་འོད་ཟེར་པོ་ཞིག་གིས་ཡོངས་སུ་གཡོགས་འདུག། དེ་ནི་མིག་ཤེལ་སེར་པོ་ཞིག་གི་ནང་དུ་ལྟ་བ་དང་མཚུངས། དེ་དང་ཡང་ཅུང་ཙམ་མི་མཚུངས་པར་ཡོད་ཚད་ལ་ཆ་ཤས་སེར་པོ་ཞིག་གི་མདངས་ཕྲ་མོ་ཞིག་མཆིས་ན་ཡང་། ནགས་ཚལ་ལ་ནགས་ཚལ་གྱི་མདངས་ཤིག་སྟེ་སྔོ་ལྗང་གཡུ་ལོ་རྒྱས་པའི་མདངས་ལྡན་ལ། ཆུ་བོ་ལ་ཆུ་བོའི་མདངས་བཞིན་དཀར་གཙང་དྲི་མ་མེད་པའི་མདངས་ཤིག་ལྡན་འདུག། མདོར་ན་མར་ཁུའི་མདངས་དང་འདྲ་བའི་ཉི་འོད་དེ་ཡིས་རི་ཆུ་ནགས་གསུམ་ལ་མཛེས་སྡུག་གི་ཆ་ཤས་དང་གསོན་ཉམས་ཀྱི་ཚན་ཁ་གནང་བ་ལས། རི་ཆུ་ནགས་གསུམ་རང་རང་གིས་མཛེས་སྡུག་མངོན་མི་ཐུབ་པའི་ཉེ་ཞོ་ཅི་ཡང་བཟོ་མི་འདུག།

རྟོག་པའི་ཀློང་ནས་བཟོ་བཅོས་ཅི་འདོད་དུ་བྱས་པ་དང་འདྲ་ཞིང་བཟོ་བཅོས་དང་བྲལ་བའི་དེ་རིང་གི་འཚོ་བ་རྣལ་མ། ཤིན་ཏུ་དྲོད་ཁོལ་ལྡན་པའི་ཉི་འོད་འཇམ་པོ། རླུང་བུ་བསིལ་མོ་ཞིག་དང་མཉམ་དུ་འགྲོགས་ནས་འོང་བའི་མེ་ཏོག་གི་དྲི་བསུང་། བར་ཐག་གང་གིས་ཀྱང་མ་ཆོད་པའི་བརྩེ་སེམས་ཆ་གཅིག། ད་རུང་སྙིང་ཉེ་བའི་སྐད་ཆ། བག་དྲོ་བའི་དགོད་སྒྲ། རི་ཆུ་ནགས་གསུམ་གྱི་མཛེས་སྡུག། རྟ་ནོར་ལུག་གསུམ་གྱི་སྒྲ་དབྱངས་སྙན་མོ། འདི་དག་གཞི་གཅིག་ཏུ་འཛོམས་པའི་ད་ལྟའི་ངེད་གཉིས་ནི་ཤིན་ཏུ་བདེ་སྐྱིད་ལྡན་པའི་བསོད་ནམས་ཀྱི་གོང་བུ་ཆ་གཅིག་ཅིག་ཅི་ལ་མིན་ཨང་། ངས་ཅི་ལ་ཡང་བསམ་གཞིག་མི་གཏོང་བར་ཁྱིམ་ནས་ཁུར་ཡོང་བའི་ས་སྟན་དེའི་སྟེང་ནས་གན་རྐྱལ་དུ་ལོག་ནས་ལུས་ངལ་གསོས། ཐང་ཆད་པའི་ཉམས་སྣང་དག་ཀྱང་མཁའ་ཡི་སྤྲིན་པ་བཞིན་སྐད་ཅིག་ཉིད་ལ་མི་སྣང་ནམ་མཁའི་དབྱིངས་སུ་འཇའ་བཞིན་ཡལ་སོང་། སྙིང་ཉེས་དཀར་ཞིང་གཙང་བའི་སྟོད་གོས་དང་སྨད་གོས་གཉིས་ཀྱི་འཐེན་སྒྲོག་བཀྲོལ་བའི་སིར་སྒྲ་རིམ་བཞིན་ངའི་རྣ་བར་གྲག་བྱུང་ལ། ངས་སྙིང་ཉེ་ཡི་ཕྱོགས་ལ་བལྟས་པར་མོས་ཤིན་ཏུ་ནག་ཅིང་མཛེས་སྡུག་ལྡན་པའི་ནང་གོས་སྲབ་མོ་ཞིག་གོན་ནས་དེ་ཙམ་ཆེ་རྒྱུ་མེད་པར་སྐེད་པ་མཚམས་སུ་རྒྱག་པའི་རྒྱུག་ཆུ་དེའི་ནང་ལུས་བཀྲུ་བྱེད་པར་བྲེལ་གྱིན་འདུག། ང་གན་རྐྱལ་དུ་ལོག་ནས་ནམ་མཁའི་དབྱིངས་སུ་ཅེར་རེར་བལྟས་ན་ཡང་། ངས་སྙིང་ཉེ་ཡི་དཀར་ཞིང་སྨྱུག་མ་ལྟར་དྲང་བའི་སྐྱེས་གཟུགས་གསལ་ལམ་མེར་ནམ་མཁའི་དབྱིངས་ནས་ཀྱང་མཐོང་ཐུབ་པའི་ཚོར་བ་སྟེར་བྱུང་།

སྙིང་ཉེས་སྐྲ་དང་ལུས་པོ་གཙང་ཐག་ཆོད་པ་ཞིག་བཀྲུས་ནས་ངའི་ཟུར་དུ་ང་དང་འདྲ་བར་གན་རྐྱལ་དུ་ལོག་ནས་ཉི་མར་ལྡེ་བྱུང་། བཟོ་ལྟ་དེ་ནི་གླིང་ཕྲན་སྟེང་གི་བུད་མེད་ཅིག་གིས་ཉི་མར་ལྡེ་བཞིན་པའི་བཟོ་ལྟ་དང་ཧ་ཅང་མཚུངས། འོན་ཀྱང་མོ་རྒྱ་མཚོའི་གླིང་ཕྲན་སྟེང་ནས་ཉི་མར་ལྡེ་མྱོང་བའི་བུད་མེད་ཚོ་དང་འདྲ་བར་གླིང་ཕྲན་སྟེང་ནས་ཉི་མར་ལྡེ་མྱོང་མེད། མོ་ད་ལྟའི་བར་དུ་མཛེས་སྡུག་གི་ཕ་ཡུལ་འདི་དང་ཁ་བྲལ་མ་མྱོང་ནའང་། མོས་གླིང་ཕྲན་སྟེང་གི་གཞོན་ནུ་མ་ཚོ་དང་འདྲ་བར་གནས་འདི་ནས་གླིང་ཕྲན་སྟེང་གི་མཛེས་སྡུག་ཇི་བཞིན་རོལ་མྱོང་ཐུབ་ཀྱིན་ཡོད། བསིལ་རླུང་འཇམ་པོ་ཞིག་གིས་སྙིང་ཉེའི་སྐྱེས་གཟུགས་དེ་སྐོར་བ་ཐེངས་ཤིག་བྱས་ཏེ་སྣ་ལ་སིམ་པ་སྟེར་བའི་དྲི་ཞིམ་ཞིག་ང་སར་ཁྱེར་བྱུང་། ངས་དྲི་ཞིམ་དེའི་ནང་ནས་ཡུན་རིང་རེ་སྒུག་བྱས་པའི་བདེ་སྐྱིད་ཅིག་ཚོར་བྱུང་། བདེ་སྐྱིད་དེ་ནི་གཞན་དུ་འཚོལ་མི་དགོས་པར་ངའི་ཉེ་ས་རུ་རྟག་པར་བཞད་ནས་ཡོད་པའི་བདེ་སྐྱིད་ཅིག་ཚོར་བྱུང་།།

༼ ཚོར་སྦྲང་། ༽