国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིད་སེམས་རྐུ་རུ་ཤོར་བའི་སྲང་ལམ།

ཞལ་རས་ཟླ་བ་གོར་གོར།།

མཁུར་ཚོས་དྭངས་ཤ་རྒྱས་པའི།།

ཟླ་བའི་ལྷ་མོ་ཁྱོད་ཀྱི།།

འགྲམ་ཆང་བཏུང་ན་ཨེ་ཆོག།

ལང་ཚོའི་འཛུམ་རིས་མེ་ཏོག།

ཁྱོད་རང་ཕྱོགས་ལ་བཞད་དུས།།

ཞིམ་མངར་སྦྲང་རྩི་དྭངས་མ།།

ང་རང་འཐུང་ན་འདོད་བྱུང་།།

རེ་བའི་འདུན་པ་བཅིངས་ནས།།

ཡིད་སེམས་ཁྱོད་ལ་གཡེང་སྟེ།།

ལོ་ཟླའི་འཁོར་ཕྱོགས་མ་ཤེས།།

མི་ཚེའི་ཕྱེད་ཆ་རྫོགས་འདུག།

སེམས་པ་ཕར་ལ་ཕྱོགས་ནས།།

ལོ་ཟླ་བགྲང་བ་མ་ཐིག།

བྱམས་པའི་སེམས་ཀྱི་རྟ་ཁ།།

ད་དུང་ལོན་ས་མ་རེད།།

རྐང་ལམ་ཕྲ་མོ་ཞིག་ཏུ།།

ཐུག་པའི་ལས་འཕྲོ་ཡོད་ཀྱང་།།

མི་ཚེའི་གོམ་ཁ་རྒྱག་སར།།

ཅི་ཞིག་ཕྲད་པ་མིན་ནམ།།

ལྷ་ཡིས་བཀའ་ཆད་ཕོག་པའི།།

ཁྱོད་དང་འུ་གཉིས་ལས་འཕྲོ།།

དང་པོ་མ་ཕྲད་ཆོག་ཀྱང་།།

སེམས་སྐྱོ་དགོས་དོན་མི་འདུག།

བརྩེ་སེམས་འོ་ཆང་དཀར་མོ།།

འཐུངས་ནས་དྲན་པ་བཟི་དུས།།

འཇིག་རྟེན་ལས་ཀྱི་བརྩེ་བ།།

ད་གཟོད་མེད་པ་ཅི་ཞིག།

བརྩེ་སེམས་ཁྱོད་ལ་མེད་ན།།

འཛུམ་དཀར་སེམས་ཀྱི་མེ་ཏོག།

དང་པོ་མ་དགོད་ཆོག་ཀྱང་།།

སེམས་པ་ཁྱེར་དོན་མི་འདུག།

ལང་ཚོའི་མེ་ཏོག་ལྡུམ་ར།།

གཤིས་ཀ་ལྷ་དང་འགྲན་པའི།།

ན་ཆུང་འདོད་ཉམས་ཅན་ལ།།

སེམས་པ་རྐུ་རུ་ཤོར་སོང་།།

༼ བོད་སྨྱུག། ༽