国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲིས་པ་བྱམས་པ་རྡོ་རྗེའི་བརྩམས་ཆོས་བདམས་བཀོད།

བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ1993ལོར་དཀར་མཛེས་རྫོང་རྫ་ཁོག་ཡུལ་ཤོག་ཉག་གཞིས་ཚང་དུ་སྐྱེས་ཤིང་། ཆུང་དུས་ནས་བྲིས་ལ་མཁས་པའི་དགེ་རྒན་ལུང་རྟོགས་སོགས་ལ་བསྟེན་ནས་བྲིས་ཀྱི་རྨང་གཞི་བཟང་པོར་བཞག། 2015ལོ་ནས་བོད་ཡིག་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མཚོ་སྔོན་དང་ཁམས་ཀྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་དུ་བཅར་ནས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་འབྲི་སྦྱོང་ལ་གཞོལ། དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོ་སྐབས་གཉིས་པའི་དབུ་ཅན་ཡིག་གཟུགས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། སྤྱི་ལོ2018ལོར་བྱམས་པ་རྡོ་རྗེས་རང་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བར་མཐོང་ནས་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཏེ། བོད་ཀྱི་གསེར་བྲིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས། དེ་ཡང་གསེར་ཡིག་འབྲི་བཞེངས་བྱེད་པ་ལ་ཉེ་བར་མཁོ་བའི་བོད་ཤོག་བཟོ་སྣོན་བྱེད་སྟངས་དང་མཐའ་ཐིག་གདབ་སྟངས། གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་ལའང་རང་བྱན་ཐོབ། དེར་བརྟེན་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་ཡོད་པའི་གསེར་བྲིས་ཁང་དག་གིས་གདན་དྲངས་ནས་བོད་ཤོག་བཟོ་སྟངས་སོགས་ལ་མཛུབ་ཁྲིད་བྱས།

སྤྱི་ལོ2021ལོར་བྱམས་པ་རྡོ་རྗེས་ལོ་གཅིག་ལྷག་ལ་འབད་འབུངས་བྱས་ཏེ། གངས་ཅན་ནོར་བུ་ཀུན་འདུས་ཀྱི་ཡིག་གཟུགས་ཐང་གའི་བརྩམས་ཆོས་ནོར་བུའི་མེ་ལོང་ཞེས་པ་བྲིས་ཏེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་ལེགས་སྐྱེས་སུ་ཕུལ་བ་རེད། ཡིག་གཟུགས་ཐང་ག་དེར་བརྩམས་ཆོས་བརྒྱ་ཡིས་གྲུབ་པ་དང་། སྨར་ཆེན་སྨར་ཆུང་དང་ལྷ་བབ་ཡི་གེ། གཏེར་བྲིས། ཨམ་བྲིས། ཁམས་བྲིས། དབུས་བྲིས། གཙང་བྲིས། ལྡེབས་བྲིས། ཀརྨ་སྒར་བྲིས་སོགས་བོད་ཡིག་ཡིག་གཟུགས་བརྒྱ་འདུས་ཤིང་། ད་སྔའི་བར་ཡིག་གཟུགས་རིགས་ཆེས་མང་བའི་ནོར་བུ་ལྔའི་ཡིག་གཟུགས་ཐང་ག་ཡིན་ལ། གསེར་དང་། དངུལ། གཡུ། བྱུ་རུ། མུ་ཏིག་སོགས་ཀྱིས་བྲིས་བཞེངས་བྱས་པ་རེད།

ད་ལྟ་དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་བརྒྱུད་འཛིན་པ། དཀར་མཛེས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་འགན་བཞེས་ཞོར་དུ་སློབ་མ་མང་པོ་སྐྱེད་སྲིང་བྱེད་བཞིན་ཡོད་ལ། དེ་དག་ལའང་རང་གིས་སྦྱངས་པ་མཐར་སོན་པའི་དབུ་ཅན་ཁམས་ཀྱི་སྡེབ་བྲིས་དང་སྙེ་བྲིས། སྨོན་ལམ་ཡིག་གཟུགས་དང་ཚེ་ཏན་ཡིག་གཟུགས་སོགས་ཀྱིས་གསེར་བྲིས་སྣ་ཚོགས་འབྲི་ལུགས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ།། ( སྐལ་ཐུབ་ཀྱིས་བསྡུས་ནས་བྲིས་ཤིང་པར་བླངས། )