国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱེད་ཐབས་ལེགས་བཅོས་དང་འགོག་ ཟོན་ནུས་པ་ཆེ་རུ་ཕྱིན།

ས་གནས་མང་པོས་གསར་གཏོད་ཀྱི་བསམ་བློ་ལ་བརྟེན་ནས་གནོད་འགོག་གནོད་བསྙུང་ནུས་པ་ཆེ་རུ་བཏང་།

མིག་སྔར། རང་རྒྱལ་ནི་སྤྱི་ཟླ་བདུན་པའི་ཟླ་མཇུག་དང་བརྒྱད་པའི་ཟླ་འགོ་ཡི་ཆུ་ལོག་སྔོན་འགོག་གི་གནད་འགག་དུས་མཚམས་སུ་སླེབས་ཡོད་པས་རྒྱལ་ཡོངས་སུ་ས་གནས་ཁག་གིས་ས་གཤིས་གནོད་འཚེ་འགོག་ཟོན་མ་ལག་བཙུགས་པ་དང་། དཀར་མཛེས་ཁུལ་གྱིས་ལུང་དཔོན་ལམ་ལུགས་བརྒྱུད་དེ་རི་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་ཟོན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་འབྲུབ་དུས་དོན་དངོས་ལ་གཞི་བཙུགས་ནས་གནོད་འགོག་གནོད་བསྙུང་གི་ནུས་པ་ཆེ་རུ་བཏང་ཡོད།

ལུང་དཔོན་མ་ལག་གི་ལམ་སྲོལ་གསར་པ་བཙུགས་ནས་ས་གཤིས་གནོད་འཚེ་སྔོན་འགོག་བྱས།ཆུ་འབྲུབ་དུས་ལུང་ཤུར་ས་དབྱིབས་རྙོག་འཛིང་ཆེ་སར་ཉིན་ལྟར་སྐོར་ཞིབ་དང་གྲལ་བཤེར་བྱས་ན་གཞི་ནས་ཉེན་མེད་ཀྱི་མཐིལ་ཚད་སྲུང་ཐུབ་ཅེས་པའི་སྐད་ཆ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཤོག་གི་ལུང་དཔོན་ལི་ཡུང་ཧྲེང་གིས་བཤད། ལི་ཡུང་ཧྲེང་གིས་རུ་ཁག་སྣེ་ཁྲིད་དེ་ནུབ་རྒྱུད་ལུང་པའི་ས་ཁོངས་ཡོངས་སུ་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་ལུང་ཤུར་སྐོར་ཞིབ་གྲལ་བཤེར་བྱེད་བཞིན་ཡོད་པ་རེད།

ལི་ཡུང་ཧྲེང་དང་གནས་ཡུལ་ལྟ་ཞིབ་ཚད་ལེན་པ་གཡང་གཟར་གྱི་ལུང་ཤུར་བརྒྱུད་ནས་རི་ཉིལ་བའི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཞིབ་ཚགས་བྱས་ནས་ལུང་པའི་འདམ་རྡོ་གསོག་པའི་གནས་ཚུལ་དང་། ཆུ་ལམ་གྱི་ཆུ་གནས་འགྱུར་ལྡོག་ཐོ་འགོད་བྱས་ཏེ་ལམ་རྒྱུད་ཀྱི་སྔོན་ཚུད་ཉེན་བརྡའི་སྒྲ་དུང་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་རེ་རེ་བཞིན་ཞིབ་བཤེར་བྱས་པ་རེད། དེ་ལྟ་བུའི་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ནི་སི་ཁྲོན་གྱིས་ལུང་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་རི་ཁུལ་གྱི་ས་གཤིས་གནོད་འཚེ་འགོན་ཟོན་ནུས་པ་ཆེ་རུ་གཏོང་བའི་བསྡུས་རིས་ཤིག་རེད།

2024ལོ་ནས་བཟུང་། སི་ཁྲོན་གྱིས་དཀར་མཛེས་ཁུལ་དང་། གཡག་རྔ་གྲོང་ཁྱེར། རྔ་བ་ཁུལ། ལིའང་ཧྲན་ཁུལ་སོགས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་མང་བའི་ས་གནས་སུ་ལུང་དཔོན་ལམ་ལུགས་ཚོད་ལྟ་བྱེད་འགོ་བཙུགས་པ་དང་། ཁུལ3དང་གྲོང་ཁྱེར1ལ་ལུང་དཔོན་ལམ་ལུགས་ཀྱི་མ་ལག་བཙུགས་ནས་ཆེད་མིས་དོ་དམ་སྲུང་སྐྱོང་བྱས་ཏེ་ལུང་དཔོན་དང་གནས་དཔོན་ཁྱོན་ཁྲི2.1བཀོད་སྒྲིག་བྱས་ཏེ་མངོན་མེད་རྐྱེན་ངན་སྐོར་ཞིབ་དང་ཉེན་བརྡ་སྔོན་གཏོང་། འཚུབ་བསྟུན་ཐག་གཅོད་བར་གྱི་འབྲེལ་ཐག་ཧྲིལ་པོའི་འགན་ཁུར་དྲ་བ་བཙུགས་པ་རེད།

དཀར་མཛེས་ཁུལ་གྱིས“རྫོང་རིམ་པའི་སྤྱི་ཁྱབ་ལུང་དཔོན་དང་ཡུལ་གྲོང་ལུང་དཔོན། གྲོང་ཚོ་རིམ་པའི་ཡན་ལག་ལུང་དཔོན། མངོན་མེད་རྐྱེན་ངན་བྱུང་གནས་ཀྱི་གནས་དཔོན་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་ཏེ་གནམ་གཤིས་དང་ཆུ་བེད། རང་བྱུང་ཐོན་ཁུངས། འཚུབ་བསྟུན་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ནས་ཡུལ་གྲོང་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པ། གྲོང་ཚོར་བཅའ་སྡོད་རུ་མི། མང་ཚོགས་ལྟ་ཞིབ་ཚད་ལེན་པ་བཅས་བསྡུ་རུབ་བྱས་ཏེ་ལུང་ཤུར་ཚང་མར་བདག་གཉེར་བྱེད་མཁན་ཡོད་པ་དང་། དུས་མཚམས་སུ་ཁུལ་ཡོངས་སུ་ཚད་ལྡན་ཅན་གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་མངོན་མེད་རྐྱེན་ངན་འབྱུང་ཡུལ་དང་། ཕྱིར་འཐེན་ལམ་ཐིག། ཉེན་གཡོལ་ས་ཁོངས་བཅས་གནད་ལ་འཁེལ་བའི་སྒོ་ནས་རྟགས་བརྒྱབ་སྟེ་གནོད་འཚེ་སྔོན་འགོག་གི་ཞན་ཆ་ཁ་གསབ་བྱས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)