国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་འཕྲོད་བསྟེན་ཉེན་མེད་འགོག་སྲུང་ར་བ་བརྟན་པོར་བསྐྲུན།

ད་ལོ་ནས་བཟུང་རང་ཁུལ་གྱིས་རྒྱུན་རྣམ་བཀོད་གཏོང་དང་།ཁྱོན་ཡོངས་ནས་ལྟ་སྐུལ་སློབ་སྟོན།བཀག་སྡོམ་དོ་དམ་བཅས་ཀྱི་བྱ་ཐབས་གཙོ་བོ་གསུམ་ལ་བརྟེན་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཉེན་མེད་འགོག་སྲུང་ར་བ་ཁྱོན་ཡོངས་ནས་བརྟན་དུ་བཏང་སྟེ། རྒྱ་ཆེ་བའི་མང་ཚོགས་ལ་སྨན་བཅོས་ཉེན་མེད་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་ཟླ་རེ་བཞིན་ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་དོན་བཀོད་གཏོང་བྱ་རྒྱུ་རྒྱུན་འཁྱོངས་དང་། རྫོང(གྲོང་ཁྱེར)ཁག་གི་འཕྲོད་བསྟེན་སྡེ་ཁག་དང་། ཐད་གཏོགས་སྨན་བཅོས་ལས་ཁུངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དམ་འཛིན་དང་དོན་ལ་འཁྱོལ་ཏེ།མེ་ཟོན་མེ་གསོད་ཉེན་མེད་དང་། སྨན་བཅོས་སྒྲིག་ཆས་འཁོར་སྐྱོད། སྨན་ཁང་གི་འགོ་ནད་སྔོན་འགོག་ཚོད་འཛིན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཟླ་རེར་འགུལ་རྣམ་གྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་ལེགས་སྒྲིག་དང་། གནས་བབ་སྔོན་དཔག། རྒྱུན་རྣམ་ཅན་གྱི་ཉེན་མེད་འགོག་ཟོན་ལས་དོན་གྱི་རྣམ་པ་བསྐྲུན་པ་རེད།

ཁུལ་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ཆེད་དོན་ལས་དོན་ཚོ་ཆུང9བཙུགས་ནས། རྫོང(གྲོང་ཁྱེར)18དང་ཨུ་ལྷན་ཐད་གཏོགས་ཚན་པ་ཁག་ཏུ་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་མེད་ཐོན་སྐྱེད་དང་། མེ་ཟོན་ཉེན་མེད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་བཅོས་སྒྲིག་གི“ཕྱི་མིག་ལྟ་བའི”ལས་དོན་སྤེལ་བ་རེད། མིག་སྔར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་སྨན་བཅོས་སྒྲིག་གཞི107ལ་ཞིབ་བཤེར་ཐེངས10བྱས་པ་དང་། ཉེན་མེད་ཀྱི་མི་མངོན་པའི་རྐྱེན་ངན705གྲལ་བཤེར་བྱས་ནས་བཅོས་སྒྲིག་ཁག687བྱས་པ་དང་། ལྷག་འཕྲོ་ཁག18ཚང་མ་རྩིས་ཁྲའི་དོ་དམ་དུ་བཅུག་པ་དང་དུས་བཀག་ནང་བསྒྲུབ་པར་བསྐུལ་བ་རེད།

ཕྱིན་ཆད་ཁུལ་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ཉེན་མེད་ཐོན་སྐྱེད་བཅོས་སྒྲིག་གི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ལས་རིགས་ཉེན་མེད་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་ནས་ཁུལ་ཡོངས་ཀྱི་མང་ཚོགས་ལ་ཉེན་མེད་དང་བརྟན་བརླིང་གི་སྨན་བཅོས་ཁོར་ཡུག་བསྐྲུན་རྒྱུ་ཡིན་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)