国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མངོན་མེད་རྐྱེན་ངན་ཚགས་ བཤེར་བྱས་ཏེ། ཉེན་མེད་འགོག་སྲུང་ མཐིལ་ཚད་བརྟན་པོར་བསྲུངས།

བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་ཁེ་ལས་འཚོ་བའི་ཁུལ་ལ་མེ་ཟོན་ཉེན་མེད་ཀྱི་ ཆེད་དོན་ཞིབ་བཤེར་བྱས།

ཉེ་ཆར། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་མངའ་ཁུལ་མངག་གཏོང་ཁང་དང་མཉམ་འབྲེལ་བྱས་ཏེ་མི་སྣ་མང་འདུས་ཁུལ་གྱི་ཉེན་ཁར་དོ་སྣང་ཆེན་པོ་བྱས་ཏེ་ལི་ཝུའུ་ཟངས་གཏེར་ཁེ་ལས་ཀྱི་འཚོ་བའི་ཁུལ་དང་ལས་བཟོ་པའི་སྡོད་ཁུལ་དུ་མེ་གསོད་ཉེན་མེད་ཆེད་དོན་ཞིབ་བཤེར་བྱས།

ཞིབ་བཤེར་ཚོ་ཆུང་གིས་ཐོག་བརྩེགས་རེ་རེ་དང་། ཁྱོན་ཡོངས་ནས་གནས་གཅིག་ཀྱང་མ་ལུས་པ་བཅས་ཀྱི་བྱེད་ཐབས་བརྒྱུད་ལས་བཟོ་པའི་ཞག་སྡོད་ཐོག་ཁང་དང་། འཚོ་བའི་ཁུལ་གྱི་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར། མེ་གློག་དོ་དམ། རླངས་འཁོར་གློག་གསོག་ཁུལ། འགྲོ་ལམ་དང་བར་ཁྱམས་ཀྱི་ཁོར་ཡུག། ཞོར་གཏོགས་སྒྲིག་ཆས་བཅས་ཀྱི་ཉེན་མེད་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་ཚགས་ཀྱིས་ཚགས་བཤེར་ཐེངས་ཤིག་བྱས་ཡོད།

ཞིབ་བཤེར་བྱེད་རིང་། ཤེས་རྟོགས་བྱུང་བའི་ཉེན་མེད་མངོན་མེད་རྐྱེན་ངན་ལ་དམིགས་ནས་ཞིབ་བཤེར་ཚོ་ཆུང་གིས་ཡུལ་དངོས་སུ་ཁེ་ལས་ཀྱི་འགན་འཁུར་བ་དང་དོ་དམ་མི་སྣར་ཚགས་བཤེར་གནས་ཚུལ་རེ་རེ་བཞིན་གསལ་བཤད་བྱས་པར་མ་ཟད། ཡུལ་དངོས་སུ་དག་ཐེར་ལེགས་བཅོས་ཀྱི་ཚད་གཞི་དང་དུས་ཡུན་གཏན་ཁེལ་བྱས་ཡོད། ཁེ་ལས་ཀྱིས་དུས་ཐོག་ཏུ་བར་ཁྱམས་ཀྱི་དངོས་པོ་རྩག་རྩིག་གཙང་བཤེར་དང་། གློག་དང་སོལ་རླངས་ཀྱི་སྐུད་ལམ་ཚད་ལྡན་ཡིན་པ། མེ་ཟོན་སྲུང་སྐྱོང་གི་རྩིས་ཐོ་འཐུས་ཚང་དུ་གཏོང་བ། གློག་ཤོར་བའི་ཉེན་ཁ་སྲུང་སྐྱོང་སྒྲིག་ཆས་སྣོན་སྒྲིག་བཅས་མགྱོགས་མྱུར་ངང་ལག་ལེན་བཟོ་བཅོས་བརྒྱག་དགོས་པའི་བླང་བྱ་བཏོན། དུས་མཉམ་དུ་ཡུལ་དངོས་སུ་མེ་ཟོན་ཉེན་མེད་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ། ཁེ་ལས་ཀྱིས་ཉལ་ཁང་གི་མེ་གློག་དོ་དམ་ཚད་ལྡན་བཏང་བ་དང་ལས་བཟོ་པའི་ཉེན་མེད་ཉེན་བརྡའི་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བར་བསྐུལ་ཡོད།

ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ལས་ཁེ་ལས་ཀྱི་འཚོ་བའི་ཁུལ་གྱི་མི་མངོན་པའི་མེ་ཟོན་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་སྔར་བས་ཚགས་བཤེར་དང་མེད་པར་བཟོས་ནས་ཁེ་ལས་ཀྱི་ཉེན་མེད་ཐོན་སྐྱེད་བྱེད་པོའི་འགན་འཁྲི་བརྟན་པོ་བཟོས་ཏེ་ལས་བཟོ་པའི་མེ་ཟོན་ཉེན་མེད་ཀྱི་འདུ་ཤེས་དྲག་ཏུ་བཏང་ཡོད། རྗེས་མར། ཁེ་རྡོ་གྲོང་རྡལ་གྱིས་ཁེ་ལས་མི་སྣ་མང་འདུས་ཀྱི་གཙོ་གནད་ས་ཁོངས་ལ་མུ་མཐུད་དེ་དོ་སྣང་བྱས་ཏེ་རྒྱུན་རྣམ་ཅན་གྱི་མེ་ཟོན་ཉེན་མེད་སྐོར་ཞིབ་དང་། མངོན་མེད་རྐྱེན་ངན་གྱི་ལས་དོན་སྤེལ་ཚུལ་ཞིབ་བཤེར་བྱས་ནས་ཁེ་ལས་ཀྱིས་རྒྱུན་རྣམ་ཅན་གྱི་མངོན་མེད་རྐྱེན་ངན་རང་བཤེར་དང་། ཉེན་མེད་དྲིལ་སྒྲོག། འཚུབ་བསྟུན་གྲབས་སྦྱོང་སོགས་ཀྱི་ལས་དོན་དོན་འཁྱོལ་བྱ་རྒྱུར་བསྐུལ་ནས་ཉེན་མེད་དོ་དམ་གྱི་ཞན་ཆ་བསྐང་བ་དང་མཐིལ་ཚད་བསྲུངས་ནས་གྲོང་རྡལ་ཡོངས་ཀྱི་ཉེན་མེད་གནས་ཚུལ་བརྟན་པོ་ཡོང་བར་བྱ་རྒྱུ་རེད།།

(སྐལ་བཟང་རྒྱ་མཚོས་བསྒྱུར།)