国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་ཕུ་མདའ་ཡུལ་ཤོག་གིས་གཡེར་མ་ཐོན་ལས་དར་སྤེལ་བཏང་།

13274_02B_20260813ཡུལ་མིས་གཡེར་མ་འཐོག་བཞིན་པ།

གཡེར་མ་སྨིན་པའི་དུས་ཚིགས་ལ་སླེབས་པས་དར་མདོ་གྲོང་ཁྱེར་ཕུ་མདའ་ཡུལ་ཤོག་གི་གཡེར་མ་རྟེན་གཞི་ཁག་ཏུ་འབྲས་བུ་གཡུར་དུ་ཟ་ཞིང་དྲི་ཞིམ་ཕྱོགས་ཀུན་འཐུལ། ཡུལ་ཤོག་དེར་ཕྱོགས་ཡོངས་ནས་གཡེར་མ་གཅིག་སྡུད་ཐོག་བསྡུ་བའི་དུས་མཚམས་སུ་སླེབས་ཏེ་ཞིང་ནང་གི་གང་སར་ལོ་ལེགས་ཀྱི་རྣམ་པ་མངོན་བཞིན་ཡོད།

དམར་ལྡན་གཡེར་མས་ཁེངས་པའི་ཡལ་ག་ཐུར་དུ་འཕྱང་ཞིང་འབྲས་བུ་སྲ་ལ་མདོག་ཁ་ཧ་ཅང་ལེགས། གྲོང་སྡེ་ཁག་གི་ཞིང་དུད་ཀྱིས་གནམ་གཤིས་བཟང་པོ་དམ་འཛིན་བྱས་ཏེ་བརྔ་བསྡུ་ལས་དོན་བྲེལ་འཚུབ་ངང་སྤེལ་བཞིན་ཡོད། ཡུལ་མི་ཚོས་གཡེར་མ་འཐོག་པ་དང་། མགྱོགས་མྱུར་དབྱེ་གསེས། སླེ་བོ་ནང་བླུགས་ནས་དབོར་འདྲེན་བཅས་བྱས་ཏེ་བཏོག་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཉིན་ཀ་དྲོད་ཚད་ཅུང་མཐོ་བས་ངལ་རྩོལ་དཀའ་ཚེགས་ཆེ་ཡང་ལོ་ལེགས་ཀྱི་འབྲས་བུ་ཐོབ་པ་དེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ཞིང་དུད་ཀྱི་གདོང་ལ་དགའ་སྤྲོས་ཁེངས།

ཕུ་མདའ་ཡུལ་ཤོག་གི་གཡེར་མ་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ2000ལྷག་ཡོད་པའི་ནང་ཚད་ལྡན་ཅན་གྱི་གཡེར་མ་རྟེན་གཞིར་མུའུ800ཡོད་པ་དང་དེ་མིན་ཞིང་དུད་ཀྱི་སྒོ་ར་དང་ཞིང་ནང་དུ་ཐར་ཐོར་དུ་འདེབས་འཛུགས་བྱས་ཡོད་ཅིང་། ཐུན་མོང་མ་ཡིན་པའི་ས་བབ་མཐོ་བའི་གནམ་གཤིས་དང་ཕུལ་བྱུང་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་ས་གནས་དེ་གའི་གཡེར་མར་དྲི་ཞིམ་འཐུལ་བ་དང་།སྤུས་ཀ་ལེགས་པ།ཐོན་ཚད་བརྟན་པོ་བཅས་ཡིན། ད་ལོ་མུའུ་རེར་གཡེར་མ་རྒྱ་མ700ལྷག་བསྡུ་ཐུབ་པ་དང་སྲོ་སྐམ་བྱས་རྗེས་སུ་གཡེར་མ་སྐམ་པོ་རྒྱ་མ170ལྷག་ཐོབ་ཐུབ། ད་སྔར་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར30ནས40བར་ཡིན་པ་དང་ཕབ་རྩིས་བྱས་ན་མུའུ་རེའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར5100ནས6500བར་ཟིན་ཡོད། གཡེར་མ་ཐོན་ལས་དེ་ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་ཞིང་དུད་ཀྱི་འབབ་འཕར་རྒྱུན་མཐུད་འགན་ལེན་བྱེད་པའི་ས་གནས་དེ་གའི་སྲོག་ཤིང་ཐོན་ལས་ཤིག་ཏུ་གྱུར་ཡོད།

གསར་དར་སྨད་པ་གྲོང་སྡེའི་གཡེར་མ་རྟེན་གཞིར་གཡེར་མ་བཏོག་པའི་དུས་སུ་སླེབས་ཤིང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་མང་པོ་གུང་གསེང་སྐབས་རང་འགུལ་ངང་ཞིང་ནང་བསྐྱོད་དེ་གཡེར་མ་འཐོག་པའི་ལས་དོན་ནང་ཞུགས་ནས་ཕ་ཡུལ་གྱི་ཁྱད་ཆོས་ཐོན་ལས་ཐད་རོགས་རམ་བྱས་ཡོད། གཞོན་ནུ་སློབ་མས་ཞིང་ལས་ངལ་རྩོལ་ཁྲོད་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་དང་རང་ངོས་ཀྱི་འཇོན་ཐང་སྦྱོང་བརྡར་བྱེད་པ་དང་དུས་མཉམ་དུ་འཐོག་སྒྲུག་ལས་དོན་ལ་བརྟེན་ནས་ས་གནས་དེ་གར་ལས་ཀ་ཞུགས་བཞིན་ཡོད། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་ཞན་ཁོ་ཅའོ་ཡིས་བྱང་ཆ་ལྡན་ཚེ་ཉིན་རེར་གཡེར་མ་རྒྱ་མ30ལྷག་བཏོགས་ཐུབ་པས་གཞོན་ནུ་སློབ་མ་ཚོས་འབད་བརྩོན་བྱས་ནས་ཕ་ཡུལ་གྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ལ་ལང་ཚོའི་གསོན་ཤུགས་བསྣན་དགོས་ཞེས་བཤད།

ཉེ་བའི་ལོ་ཤས་རིང་དར་མདོ་གྲོང་ཁྱེར་ཕུ་མདའ་ཡུལ་ཤོག་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་རང་གཤིས་ལ་གཞི་བཙུགས་ཏེ་གཡེར་མ་དམངས་ཕྱུག་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་གི་ཡོད། རྒྱུན་རྣམ་ཅན་གྱི་འདེབས་འཛུགས་དོ་དམ་སྲུང་སྐྱོང་མཛུབ་ཁྲིད་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་སྟངས་ཁྱབ་སྤེལ། ཞིང་དུད་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་རྒྱག་པ་བཅས་བྱས་པར་བརྒྱུད་གཡེར་མའི་སྤུས་ཚད་དང་མུའུ་རེའི་ཐོན་འབབ་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་གཡེར་མ་ཐོན་ལས་དེ་སྲོལ་རྒྱུན་གྱི་འདེབས་འཛུགས་ཐར་ཐོར་ནས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ནུས་ཆེ་ཅན་བཅས་ཀྱི་དམངས་ཕྱུག་ཐོན་ལས་སུ་འཕེལ་རྒྱས་ཕྱིན་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ནུས་ལྡན་བཏང་ཡོད། ཡུལ་ཤོག་དེས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཡུལ་སྡེ་དར་རྒྱས་དང་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་རྒྱུན་མཐུད་ངང་བསྒྱུར་ནས“རི་སྔོན་ཆུ་དྭངས”དེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འབྱོར་གྱི“གསེར་རི་དངུལ་རིར”བསྒྱུར་ནས་ཡུལ་སྡེ་དར་རྒྱས་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།།

(ཀུན་དགས་བསྒྱུར།)