བྲག་མགོ་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་ཐོན་ལས་གླིང་དེ་བྲག་མགོ་རྫོང་ཤེལ་མདོ་གྲོང་རྡལ་འོང་སྐོར་ལམ་ཆེན་དུ་གནས་ཤིང་། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ལས་གཞི་གཙོ་བོ་ཞིག་ཡིན་པས་ཁྱོན་མ་དངུལ་སྒོར་ཁྲི6000ལྷག་བཏང་ཡོད། 2026ལོའི་ཟླ་བ7པའི་ཚེས26ཉིན་ཐོན་ལས་གླིང་དངོས་སུ་སྒོ་ཕྱེ་བ་དང་ཆབས་ཅིག་བྲག་མགོ་རྫོང་ལས་རིགས་རྩལ་ནུས་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དང་།དེ་ནི་གཤིས་ཆུ་འགྲམ་གྱི་མཐོ་སྒང་གཟུགས་མེད་རིག་གནས་ཤུལ་བཞག་གི་གནས་རྟགས་གསར་པ་ཞིག་ཏུ་གྱུར་བ་རེད།
ཐོན་ལས་གླིང་ཁུལ་གྱིས་བྲག་མགོའི་སྲོལ་རྒྱུན་བཟོ་རྩལ་ཐོན་ལས་ཅན་ལ་གཞིགས་ཏེ། བོད་ཀྱི་རྒྱན་གོས་གཙོར་བྱས་ཐོག་ནམ་མཁའ་རྒྱན་ཐང་ག་དང་། བོད་ཀྱི་འཚེམ་དྲུབ་འཐག་བཟོ། བོད་སྤོས། བོད་ཇ་སོགས་ས་གནས་དེ་གའི་གཟུགས་མེད་རིག་གནས་ཤུལ་བཞག་གཅིག་སྡུད་བྱས་ཏེ་ཞིབ་འཇུག་གསོ་སྦྱོང་དང་། གསར་གཏོད། ཐོན་སྐྱེད་འགྲེམས་ཚོང་། རིག་གནས་ཡུལ་སྐོར་མྱོང་རོལ། རིག་གཞུང་སྤེལ་རེས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྣམ་པ་བསྐྲུན་བཞིན་ཡོད།
གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་བཟོ་ཁང་ལ་ཐང་ག་མཛེས་རིས་དང་། བོད་གོས་འཚེམ་དྲུབ། འཁེལ་འཐག། བོད་སྤོས་སོགས་ཀྱི་བཟོ་ཁང་བཙུགས་ནས་ལག་རྩལ་འཁྲབ་སྟོན་དང་རྩལ་ནུས་གསོ་སྦྱོང་བྱས་ཏེ་ས་གནས་དེ་གའི་ལག་ཤེས་བཟོ་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད།
གཟུགས་མེད་རིག་གནས་ཤུལ་བཞག་ཐོན་རྫས་ཐད་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་རིག་གནས་ཟུང་འདྲེས་བྱས་པའི་བོད་ཆས་རྒྱན་གོས། ཁྱད་ཆོས་ལྡན་པའི་ཁྱིམ་ཆས་ཉལ་ཆས། ནམ་མཁའ་རྒྱན་གཙོས་པའི་ཐང་གའི་མཛེས་རིས། ས་གནས་རིག་གནས་ཀྱི་ཁྱད་ཆོས་དོད་པའི་རིག་འཆར། ལྷད་མེད་བདེ་ཐང་གི་བོད་སྤོས་སོགས་ཐོན་རྫས་ཕུན་སུམ་ཚོགས་པོས་ཁེངས་ཡོད།
རིག་གནས་ཡུལ་སྐོར་མྱོང་རོལ་ལ་བོད་ཆས་པར་ལེན་དང་། དམངས་སྲོལ་འགྲེམས་སྟོན་མྱོང་རོལ། སྒྲིག་ཆས་ཚང་བའི་རིག་གཞུང་སྙན་ཞུ་ཁང་། ཟ་ཉལ་འགྲོ་སྡོད་སོགས་རོལ་རྩེད་སྦྲེལ་ཐག་ཧྲིལ་པོའི་ཞབས་ཞུ་མ་ལག་གྲུབ་ཡོད།
ཟོང་རྟགས་གསོ་སྐྱོང་དང་ཐོན་སྐྱེད་ཕྱིར་ཚོང་འབྲེལ་མཐུད་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་གྱོན་ཆས་དེ་ཁྱིམ་ཚང་གི་ལག་བཟོ་ནས་ཟོང་རྟགས་ཅན་དང་ཁྲོམ་ར་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། “བྲག་མགོ་ནས་ཐོན་སྐྱེད་དང་ཅིན་ཅང་ལ་འཚོང་བ”ཡི་མཉམ་ལས་བྱེད་སྟངས་བཏོད་དེ་ཁྲེང་ཏུའུ་ཅིན་ཅང་ཆུས་ཀྱི“མཛེས་སྡུག་གི་བྲག་མགོ”ཡི་འགྲེམས་ཚོང་སྟེགས་བུར་བརྟེན་ནས་ཕྱི་ཕྱོགས་སུ་ཁྲོམ་ར་དང་ཕྱིར་ཚོང་གི་ཐབས་ལམ་རྒྱ་བསྐྱེད་གཏོང་བཞིན་ཡོད།
གླིང་ཁུལ་གྱིས་དམངས་ཁྲོད་དུ་ཐར་ཐོར་གནས་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་ཁུངས་གཅིག་སྡུད་མཉམ་འདུས་བྱས་ནས་མ་ཉམས་གོང་འཕེལ་ཡོང་བར་བརྒྱུད་འཛིན་བྱས་ཏེ། ཕྱོགས་གཅིག་ནས་རྩལ་ནུས་གསོ་སྦྱོང་སྤེལ་ཏེ་ས་གནས་དེ་གའི་མང་ཚོགས་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་ཚོ་རང་གི་སྒོ་ཁ་ནས་ལས་ཞུགས་ཐུབ་པར་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་གཟུགས་མེད་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་མཐོ་སྒང་ས་ཁུལ་ལ“གཟུགས་མེད་རིག་གནས་ཤུལ་བཞག་དང་། རིག་གནས་ཡུལ་སྐོར། ཡུལ་སྡེ་དར་རྒྱས”བཅས་ཀྱི་འཕེལ་རྒྱས་ཐབས་ལམ་ཞིག་བཏོད་ནས་རིག་གནས་སྲུང་སྐྱོང་དང་། ལག་རྩལ་བརྒྱུད་འཛིན། མང་ཚོགས་འབབ་འཕར་བཅས་ཀྱི་ཕན་འབྲས་ཆེན་པོ་ཐོབ་ཡོད།།
( ནོར་བུ་དང་རྒྱ་མཚོས་བྲིས།)
