དཀར་དམར་ཞལ་གྱི་མཐིལ་དུ།།
མ་བཅོས་འཛུམ་ཆུང་འཁྱིལ་བའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག།
འཁོར་བའི་གྲོང་གི་མཛེས་མ།།
སྐུ་ལུས་ལྕུག་ཕྲན་སྨྱུག་མ།།
ལྡེམ་ལྡེམ་ལྡེམ་གྱིས་གཡོ་བའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག།
འཇིག་རྟེན་ཁམས་ཀྱི་གར་མ།།
མགུར་ཆུང་པདྨའི་ནང་ནས།།
སྙིང་གཏམ་ཟེའུ་འབྲུ་འཐོར་བའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག།
ངག་དབང་ལྷ་མོའི་རྣམ་འཕྲུལ།།
ཁྲེལ་གཞུང་ཟླ་བའི་འོད་མདངས།།
ནམ་ཡང་ནུབ་པ་མེད་པའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག །
མི་ཡུལ་ལུང་པའི་འཕགས་མ།།
ཕྱི་ཐག་གཙང་པོའི་རླབས་རིས།།
རྟག་ཏུ་ཡལ་བ་མེད་པའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག།
མི་ཚོགས་བརྒྱ་སྟོང་འཁྲི་ས།།
འཚོ་བའི་རི་ལུང་བར་ནས།།
བརྩེ་བའི་མེ་ཏོག་འཐུ་བའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག།
མ་བཅོས་བརྩེ་བའི་བདག་མོ།།
མི་ཡི་གཟུགས་སུ་གྲུབ་ཀྱང་།།
ལྷ་ཡི་ཁྱད་འཕགས་མངའ་བའི།།
ཆུང་འདྲིས་ཡིད་དགའ་མེ་ཏོག།
གཏན་གྱི་འདུན་མ་བཅོལ་ས།།
༼ འཇོ་མདའ་པདྨ། ༽
