国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཞས་ཆུང་དྲུག་འགྱུར།

གསེར་གཞུང་ལུང་བ་འདི་སོ་ལས་ཀྱི་གནང་རེད།།

ཆུང་གྲོགས་འོད་དཀར་འདྲ་བོ་འདི་ན་ལུས་འདུག །

བདེ་བའི་གནས་ལམ་ལོ་ཟླ་ག་ཙམ་འགོར་ན།།

སྡེ་འདབས་ཡུལ་ནས་ཡིད་ལ་ཝ་ལེར་དྲན་བྱུང་།།

གཞས་ཆུང་གཉོམ་པོས་ཁྱོད་ལ་འཕྲིན་ཅིག་བསྐུར་ཡོད།།

རེ་བའི་ཁྲོད་ནས་དེ་ལ་ལན་གཅིག་གསོན་དང་།།

རྨི་ལམ་བརྒྱ་ཕྲག་སྟོང་གི་རི་མོ་བྲིས་ཡོད།།

ཚོར་བའི་སྣང་བརྙན་ཞིག་གི་སྐྱོ་གནང་མ་མཛད།།

བྲིས་པའི་ཡིག་ཆུང་སྙིང་གཏམ་ལོ་མ་མིན་རུང་།།

ཚེ་ཡི་བཏབ་པའི་ལས་འབྲས་སྨོན་ལམ་ཡིན་སོང་།།

སྐྱོ་བའི་ཉམས་སྣང་དེ་འདྲ་སྟོན་དགོས་མི་འདུག །

ཚེ་མཐའི་གཙང་པོའི་ལས་དབང་གཞུང་དུ་བསྐུར་ཡོང་།།

མཛའ་གཞས་དྲུག་གི་དབྱངས་རྟ་ངག་ལ་གྱེར་ནས།།

ལྷོ་རུ་འཕུར་བའི་བྱ་ཁྱུ་རྗེས་སྙེག་དེད་སོང་།།

ངང་ཆུང་འཕུར་རྩལ་འཛོམས་པའི་སྐལ་བཟང་ཡོད་ན།།

རེ་འདུན་གཙང་མ་འདི་ཡང་སེམས་ནས་འབོར་མེད།།

ཕྲ་ཆུང་མིག་ལ་ཐོགས་པ་བརྗེད་མེད་ཡིན་ན།།

འཁོར་བའི་སྣང་ཚུལ་བསྟན་དོན་ཡེ་ནས་མེད་མོད།།

ལས་དབང་ཆུ་མོ་གཞུང་ལ་གར་མེད་ཡལ་རྗེས།།

དུངས་པའི་མཚོ་ཆུང་སྔོན་མོ་གཏིང་ནས་ཐག་འགྲོ།།

མདོ་མེད་ཚིག་ལ་བློ་གཏད་ཁྱོན་ནས་མེད་ཀྱང་།།

ཁྲ་ཁྲ་ཟང་ཟིང་འཁོར་བའི་ཀློང་ནས་འཁྱམས་སོང་།།

ངག་གི་འཇམ་ཤ་ལྷོད་པོ་དཀྲོལ་ནི་མེད་ན།།

ང་དང་ལས་དབང་གཅིག་གྲོགས་གང་དུ་ཆས་འགྲོ།།

ཐ་སྙད་འདི་དག་བློ་ལ་ཤོང་ཁ་དཀའ་བས།།

སེམས་ཀྱི་ན་བུན་མཐུག་པོ་ལྗིད་ཀྱིས་མནན་སོང་།།

དྲན་པའི་ཡོན་ཆབ་རིང་མོ་རྒྱང་དུ་བཏབ་ན།།

སྨྲེང་བའི་ལོ་ཟླ་སྟུག་པོ་ཁྱེད་སར་ཕྱོགས་ཡོང་།།

ངང་རྒྱུད་གཤིས་ཀ་ལྷོད་པོ་ཁྱེད་ལ་ཆགས་ཡོད།།

འདབ་མ་ཚིག་དྲུག་འདྲ་བ་ཁྱེད་ལས་གཞན་མེད།།

མིག་ཟུང་གཡོ་ཚུལ་སྟོན་པའི་རྣམ་འགྱུར་དེ་གས།།

རྟོག་བཏགས་འཕྲུལ་གྱི་སྒོ་མོ་ཡང་ཡང་ཕྱེ་སོང་།།

ཚེ་སྨོན་ལས་ཀྱི་བཀོད་པ་བདེན་པར་བཟུང་ཡོད།།

སྙན་ཚིག་སྟོང་གི་ཕྱག་རྗེས་རྗེན་པར་ཕུལ་ནས།།

སྟོང་པའི་ནམ་མཁའ་འདི་ལ་རི་མོ་ཕབ་ན།།

ཚེ་འདིའི་བསྡུས་པའི་ལན་ཆགས་ཡིད་ལ་ཤར་འོང་།།

སྨན་ཤར་བུ་མོའི་མཛེས་སྡུག་སེམས་ནས་མ་རྟོགས།།

སྟག་ཤར་བུ་ལོའི་སྣང་བརྙན་ཡིད་ལ་མ་འཆར།།

དེ་འདྲ་དེའི་དོན་མ་ལོན་གཞོན་ནུ་ཁྱུ་ཚོགས།།

སྙན་མོའི་གཞས་དངས་ཡིན་ན་འཁྲུལ་སྣང་ཡིན་རེད།།

མགུར་མའི་ནང་གི་ཉམས་མགུར་དེ་འདྲ་མེད་ཀྱང་།།

ཚིག་ཚོགས་འདུས་པའི་ལན་བརྒྱ་ཡང་ཡང་གྱེར་ཡོད།།

རྣམ་ཤེས་ཕྲ་མོའི་ལུས་རྟེན་རླུང་གིས་སྤུར་ཡང་།།

གདུང་བའི་སྡུག་བསྔལ་སེལ་བ་སྙིང་ནས་བརྡོལ་སོང་།།

མགུར་གླུ་གཞས་ལ་འཐེན་ན་རྒྱང་དུ་མི་འགྲོ།།

ནང་སེམས་སྨྱོན་པ་ཞིག་དང་ཁྱད་པར་མེད་སོང་།།

སྣང་བ་ཡངས་མོའི་སྒོ་ནས་ལྷིང་འཇགས་འཚོལ་ན།།

གཡུ་ཡི་ཆུང་སྐྱེས་ཆུང་གྲོགས་རྙེད་ཐབས་མི་འདུག།

༼ རྒྱ་ཚང་སྨོན་ལམ། ༽