ཆ་མེད་ཡུལ་གྲུ་ཞིག་ནས་གང་གི་ཕྱོགས་སུ།།
ཆས་ཀྱང་རང་དང་འཚམ་པའི་ཡུལ་ལ་ལོག་འདོད།།
ཅི་ནས་འཕུར་རྩལ་ངོམ་པའི་གཤོག་ཟུང་ཐོགས་ན།།
འཇིག་རྟེན་སྣང་བའི་ཁམས་ལ་ལྡིར་སྐོར་རྒྱག་འགྲོ།།
ཁྱོད་ཀྱི་གཟུགས་བྱད་མིག་གི་མཐིལ་དུ་བབས་ཏེ།།
ཁྱོད་ཀྱི་ཞལ་རས་སེམས་པའི་དཀྱིལ་དུ་བསྒོམས་ནས།།
འདི་སྣང་སྲིད་པའི་འདམ་ནས་དུས་ཀྱིས་ཁྱད་མེད།།
རྟག་པར་བརྩེ་འཕྲིན་སྤྲིངས་ནས་སྣང་བ་སྐྱིད་སོང་།།
ངག་རིག་དབྱངས་རྟས་འདྲེན་པའི་གསུང་སྐད་སྙན་པ།།
མདངས་ཀྱི་མེ་ཏོག་འཛུམ་པའི་འཇོ་སྒེག་ལྡན་པ།།
དྭངས་པའི་ནམ་མཁའ་འདི་ཡི་མཚམས་སྤྲིན་ཀློང་དུ།།
ཡལ་དུ་མེད་པའི་ལྷ་དེ་ཁྱོད་རང་ཡིན་ཆོག །
གངས་ཀྱི་གཟི་འོད་བཀྲ་བའི་འཇིག་རྟེན་ཞིག་ཏུ།།
སྤང་ཐང་དཀར་དམར་བཞད་པའི་གདན་གྱི་སྟེང་ནས།།
ལས་ཀྱི་སྨོན་ལམ་རེ་ལ་འདུན་པ་གཏད་ནས།།
ངག་རིག་འཕྲེད་གླིང་འབུད་པའི་ཕལ་བ་ཞིག་གོ།།
སྙིང་སྡུག་སེམས་ལ་ཉར་བས་བདག་བློ་སྐྱིད་ཅིང་།།
མཛའ་མཐུན་ལག་རྡང་སྦྲེལ་བས་དམ་བཅའ་བརྟན་པའི།།
བཅོ་ལྔའི་ཟླ་བ་འཛུམ་པའི་འོད་དཀར་གླེགས་ནས།།
འུ་གཉིས་བརྩེ་སེམས་གླེང་པའི་གཏམ་རྒྱུད་དྲན་སོང་།།
གཙང་པོའི་འགྲམ་ནས་རྒྱུག་ལ་རི་རྩེར་ཆས་སོང་།།
ཁྱིམ་གྱི་ཕུགས་པར་ལྟ་ཞིང་རྩྭ་ཐང་སྙེག་གིན།།
སྙན་ངག་དབྱངས་རྟ་སྒྲོག་བཞིན་ཁྱོད་ཉིད་ཁོ་ནར།།
དུང་བའི་སེམས་འཕྲིན་བྲིས་པ་འཛད་རྒྱུ་མ་བྱུང་།།
སྣང་བ་ལིང་ལིང་གཡོ་བའི་ས་གནམ་བར་ནས།།
མཐུར་མེད་རང་དབང་ཐོགས་པའི་ཅང་ཤེས་རྟ་ཕོ།།
ཉིན་སྲིབ་བར་མེད་གང་དང་གང་ཞིག་བརྒལ་ཡང་།།
ཡིད་ཀྱི་ཁམས་ལ་སྐྱིད་པའི་འཇིག་རྟེན་ཚེས་འདྲ།།
ནང་གི་དགའ་སྐྱོའི་ཚོར་འདུ་དབྱངས་ལ་འདྲེན་ནས།།
དཀར་པོ་ཤོག་གི་ངོས་སུ་གཟུགས་རིས་ཕབ་ན།།
མ་འོངས་རིགས་ཀྱི་རྒྱུན་འཛིན་བྱིས་པ་ཚོགས་ཀྱིས།།
དགའ་སྤྲོ་དགྱེས་པའི་ངང་ནས་ལན་ཅིག་བཞེས་གནོངས།།
མི་རྟག་འཁོར་བའི་བྱིང་ནས་རྣམ་རྟོག་ཕྲ་མོ།།
ཡུལ་ཕྱོགས་གང་དུ་མ་ལོག་སུ་ལ་འཁྲེང་ཡོད།།
ཁྱོད་ཀྱི་ཚལ་དུ་ཕེབས་པའི་ལས་སྐལ་བྱུང་ན།།
དལ་འབྱོར་མི་ལུས་ཐོབ་པར་རིན་ཐང་ཆེ་ཨང་།།
༼ ཁམས་ཟླ་སྲས། ༽
