ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས15ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ8ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གནོད་འགོག་གནོད་བསྙུང་གནོད་སེལ་གྱི་ནུས་པ་ཆེ་རུ་གཏང་དགོས།》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། རང་རྒྱལ་གྱི་ས་རྒྱ་ཆེ་བ་དང་། ས་ཁམས་རྙོག་འཛིང་ཆེ་བ། གནམ་གཤིས་འགྱུར་ལྡོག་མང་བ། རང་བྱུང་གནོད་འཚེ་ཐོན་སླ་བ་དང་མང་པོ་ཐོན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་དེ་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་། སྒྲིག་སྲོལ་ལ་སྒྱུར་བཅོས་བྱེད་པ། མ་ལག་འཛུགས་སྐྱོང་བྱེད་པ། ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་མང་པོ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་བྱུང་གནོད་འཚེ་ཚབས་ཆེན་དང་ཆེས་ཚབས་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ། མི་སྣ་འཆི་རྨས་ཉུང་དུ་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་པར་ཐོབ་པའི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་ཁས་ལེན་ཐོབ་ཡོད། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས། སྤྱི་ཚོགས་ཀྱིས་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། ཉམས་མྱོང་རྩ་ཆེན་དེ་དག་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་མ་ཟད། དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། མིག་སྔར་རང་རྒྱལ་གྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་འཕྲད་བཞིན་ཡོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགངས་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལེགས་ཆ་འདོན་སྤེལ་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་དང་། རང་བྱུང་གནོད་འཚེ་སྣ་ཚོགས་ལ་འགོག་ཟོན་དང་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། གནོད་འཚེར་བཅོས་སྐྱོང་བྱ་རྒྱུ་དེ་གནོད་འཚེ་མ་བྱུང་གོང་གི་སྔོན་འགོག་ལ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཀྱི་སྙུགས་ཤེད་བླང་བྱ་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་འཛུགས་སྐྲུན་འཆར་འགོད་སྣ་ཚོགས་ཁྲོད་ཁྱབ་པར་བྱས་ནས་རང་བྱུང་གནོད་འཚེའི་ཉེན་ཁར་ནུས་ལྡན་ངང་གཡོལ་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་དང་གནོད་འཚེ་དང་ཉེན་ཁ་སྣ་ཚོགས་དབྱེ་འབྱེད་གནད་སྨིན་བྱེད་དགོས། ལས་གྲྭར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གལ་ཆེན་དང་གནོད་འཚེ་ཐོན་མང་བའི་ས་ཁུལ་གྱི་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་འགོག་སྲུང་ཚད་གཞི་མཐོ་རུ་ལུགས་མཐུན་གཏོང་བ་དང་བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་། འཁྱིལ་ཆུ་གཤོངས་བ། གེགས་འགོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་དགོས། ཉེན་ཁ་ཆེ་བའི་ས་ཁོངས་ལ་གཙོ་གནད་ཐོག་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གསོག་འབོར་ཉེན་ཁ་ཆུང་དུ་ནུས་ལྡན་གཏོང་བ་དང་གསར་འཕར་ཉེན་ཁར་བཀག་འགོག་ནུས་ལྡན་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། གནོད་འཚེ་ཆེན་པོ་དང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས། མཐའ་ཚད་ཀྱི་བསམ་བློ་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ་དང་། གནོད་འཚེ་ཆེན་པོ་དང་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱེད་པ། འཕྲལ་སྡོམ་སྔོན་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། དཀའ་ངལ་དང་འགྲན་སློང་ལ་ཚོད་དཔག་དེ་བས་གང་ལེགས་ཐུབ་པ་དང་ལས་ཀའི་བྱ་ཐབས་ལ་བསམ་གཞིག་དེ་བས་འཐུས་སྒོ་ཚང་པོ་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྔོན་ཚུད་ཉེན་བརྡའི་དུས་ཐོག་རང་བཞིན་དང་། གནད་སྨིན་རང་བཞིན། གསལ་ཤེས་རང་བཞིན་བཅས་ཆེ་རུ་གཏོང་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགག་རྩའི་དུས་སུ་དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཐུབ་པ་བཅས་བྱེད་དགོས། ( པར་ངོས་གཉིས་པར་གཟིགས།)
