སྤྱི་ཟླ8པའི་ཚེས12ཉིན་ལ། བྲག་མགོ་རྫོང་ནས་དར་མདོ་གྲོང་ཁྱེར་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་དུ་བྲག་མདོ་མྱུར་ལམ་ཞེས་བསྡུ་རྒྱུ)གྱི་ཤེལ་མདོ་ཕུག་ལམ་གྱི་འབུད་སྒོ་བདེ་བླག་ངང་ཕུག་འགོ་བཙུགས་པ་དེའི་ཐོག་ནས་སི་ཁྲོན་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་དང་རིང་ཚད་རིང་ཤོས་ཀྱི་བྱེ་རྡོ་རིམ་པའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཨར་ལས་སྤྱི་ཁོག་ལས་པའི་ས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད། ཤེལ་མདོ་ཕུག་ལམ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་ཤྭ་རྭ་ཐང་གྲོང་རྡལ་དུ་གནས་ཤིང་། ཕུག་ལམ་གྱི་རིང་ཚད་ལ་སྨི4750ཡོད་ཅིང་སོལ་རླངས་ཉུང་བའི་ཕུག་ལམ་ཆེས་རིང་པོ་ཞིག་རེད། 《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་བཀོད་སྒྲིག་འཆར་འགོད(2022ལོ་ནས2035ལོ་བར)》ཀྱི་གཞུང་ལམ13གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བྲག་མདོ་མྱུར་ལམ་ནི་ཁྲོན་བོད་ལྷོ་བྱང་ལམ་ཐིག་གི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་མཐུད་ལམ་ཐིག་གཙོ་བོ་ཡིན་ལ། རྒྱལ་ཁབ་ཀྱི་བོད་ལྗོངས་དང་མཚོ་སྔོན། ཡུན་ནན་འབྲེལ་མཐུད་བྱེད་པའི་ས་ཁོངས་འབྲེལ་མཐུད་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད། ལས་གཞིའི་ལམ་ཐིག་ཧྲིལ་པོ་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་ཚུད་ཡོད། བྲག་མགོ་རྫོང་མཁར་ཤར་རྒྱུད་ནས་འཆར་འགོད་བྱས་པའིG4217རྔ་བ་ཁུལ་གྱི་འབར་ཁམས་གྲོང་རྡལ་དང་དཀར་མཛེས་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད་བྱེད་པ་དང་། རྟའུ་རྫོང་བརྒྱུད་དེ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་དུ་མཇུག་རྫོགས་ནས་འཛུགས་སྐྲུན་བྱེད་བཞིན་པའིG4218དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་ཅིང་། རིང་ཚད་སྤྱི་ལེ186ཡོད་པ་དང་ལམ་ཐིག་ཧྲིལ་པོའི་མཚོ་འཕགས་ཆ་སྙོམས་སྨི3420ཡོད།
ལས་གཞི་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲོན་ནུབ་མཐོ་སྒང་གི་གཞུང་ལམ་དྲ་བའི་ཞན་ཆ་སྔར་བས་གསབ་ཐུབ་ཅིང་ས་ཁོངས་ཀྱི་ཤར་བགྲོད་ལས་ཕྱོད་དང་འཚུབ་བསྟུན་ཐག་གཅོད་འགན་ལེན་ནུས་པ་ཆེ་རུ་ཕྱིན་ནས་ལམ་རྒྱུད་མང་ཚོགས་ཀྱི་འགྲོ་འོང་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་མ་ཟད། ལམ་རྒྱུད་ཀྱི་ཁྱད་ཆོས་ཞིང་འབྲོག་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་ཁྲིད་ཐུབ་ནས་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བ་དང་་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་སུ་སྐུལ་བ་བཅས་ལ་འགྲིམ་འགྲུལ་རྒྱབ་སྐྱོར་གལ་ཆེན་འདོན་སྤྲོད་བྱ་རྒྱུ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
