དབྱར་ཟླ་བརྒྱད་པའི་གསེར་རྟ་རྩྭ་ཐང་ནི་མེ་ཏོག་གི་རྒྱ་མཚོ་འཁྱིལ་བ་དང་མཚུངས། སྤྱི་ཟླ8པའི་ཚེས15ཉིན། གསེར་རྟ་རྫོང་གི་གཡང་འཁོར་གསེར་རྟ། གསེར་རྟའི་གདན་ཞུ་ཞེས་པའི་འབྲོག་པའི་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་བཞི་པ་དང་གནས་མཆོག་དཀར་མཛེས་ལ་འཛོམ་པའི་ཁ་ཆད་ཡོད་པ་ལས་ང་དང་རྩྭ་ཐང་བར་ལ་ཁ་ཆད་ཡོད་ཅེས་པའི་དམར་དམག་རྒྱང་སྐྱོད་ལས་རྣམ་པར་རྒྱལ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གསེར་རྟ་རྩྭ་ཐང་ཆེན་མོ་རུ་སྤེལ་འགོ་བརྩམས།
ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱིས་ཏང་གི་བཀའ་དྲིན་དྲན་ཞིང་འབད་བརྩོན་ལྷོད་མེད་བྱས་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་སྤྱི་འདོམས་བྱས་ཏེ་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་འཐབ་ཇུས་སུ་མ་སྐུལ་དང་ལེན་ངང་ཞུགས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་བརྟེན། གྲོང་སྡེ་ཡུལ་སྐོར་དང་། བདེ་ཐང་ལུས་གསོ། ལུས་རྩལ་སྤྲོ་གསེང་། རིག་གནས་བཤམ་འཁྲབ་སོགས་ཡུལ་སྐོར་དཔལ་འབྱོར་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྫོང་དེའི་ཡུལ་སྐོར་རིག་གནས་ཀྱི་གྲགས་རྟགས་དང་འགྲན་རྩོད་ནུས་པ་མངོན་གསལ་ཆེ་རུ་ཕྱིན་ཡོད་པ་རེད།
འགོ་ཚུགས་མཛད་སྒོར། རྟ་པ90ཡིས་ལུས་ལ་གཟབ་མཆོར་སྤྲས་པ་དང་ལག་ཏུ་དར་དམར་བཟུང་ནས་རྟ་རྒྱུག་འགྲན་པ་དང་། དེའི་རྗེས་གླུ་པ་གླུ་མ་ཚོས《མཁའ་མཐའི་གསེར་རྟ》《ཡང་བསྐྱར་ཏང་ལ་དགའ་གླུ་ལེན》སོགས་གླུ་ཡི་མཆོད་པ་ཕུལ་ནས་གསེར་རྟ་མང་ཚོགས་ཀྱིས་དུས་རབས་གསར་པར་འབད་བརྩོན་ལྷོད་མེད་དང་སྐྱེ་ཁམས་སྲུང་སྐྱོང་། མཐུན་སྒྲིལ་སེམས་མཐུན་བཅས་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོར་གསེར་རྟའི་ལོ་རྒྱུས་ཕྱིར་དྲན། གསེར་རྟའི་དམངས་སྲོལ་རིག་གནས་ལ་མྱོང་རོལ། གསེར་རྟའི་དྲན་ཤེས། གསེར་རྟའི་གཏམ་རྒྱུད་ལ་སྙན་པ་བཅས་ལེའུ་བཞིར་ཕྱེ་ཡོད་པ་རེད། 《གཡང་འཁོར་གསེར་རྟ་ནས་པེ་ཅིང་ལ་བསྟོད་གླུ་ལེན》 《གསེར་རྟར་བསྟོད་པ》 《ལོ་ངོ་སྟོང་གི་གེ་སར》 《རི་དང་རྒྱ་མཚོའི་བརྩེ་བ》སོགས་གླུ་གར་གྱ་ནོམ་པ་འཁྲབ། གསེར་རྟ་གསར་བརྗེ་རིག་རྩལ་རྟ་པ་རུ་ཁག་དང་། ཡུལ་ཤོག་དང་གྲོང་རྡལ16གི་རྒྱན་གོས་འཁྲབ་སྟོན་པ། རྫོང་ཟློས་གར་ཚོགས་པ། དམངས་ཁྲོད་ཟློས་གར་ཚོགས་པ། རྫོང་རིམ་པའི་སྐོང་འཐེན་འཁྲབ་སྟོན་པ་བཅས་ཀྱིས་བརྩེ་དུང་ཁེངས་པའི་འཁྲབ་སྟོན་བྱས་པ་ལས་གསེར་རྟའི་མང་ཚོགས་ཀྱི་ཕན་ཚུན་རོགས་རམ་དང་། མཐུན་སྒྲིལ་མདུན་སྐྱོད། ཞུམ་མེད་ཧུར་སྐྱོད་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་ཡོངས་སུ་མངོན་ཡོད།
བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་སྐབས་འདིའི་འབྲོག་པའི་རིག་གནས་ཡུལ་སྐོར་དུས་ཚིགས་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་མྱོང་རོལ་བྱུང་བར་མ་ཟད། ཡུལ་སྐོར་བ་དང་མང་ཚོགས་ཕན་ཚུན་མཉམ་འགུལ་ཡང་བྱུང་ཡོད། ད་དུང་། སྲོལ་རྒྱུན་གྱི་བྱེད་སྒོ་གྲགས་ཅན་སོར་འཇོག་ཐུབ་པར་མ་ཟད། རིག་གནས་གསར་གཏོད་དང་གཟུགས་མེད་རིག་གནས་ཤུལ་བཞག་མྱོང་རོལ་སོགས་ཀྱི་ནང་དོན་ཡང་འདུས་ཡོད་ཅེས་ངོ་སྤྲོད་བྱས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་གནད་འགག་གི་དུས་མཚམས་སུ། གསེར་རྟ་རྫོང་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། རིག་གནས་ཡུལ་སྐོར་དང་། སྐྱེ་ཁམས་ཞིང་འབྲོག། ནུས་རྒྱུ་གཙང་མ། རྒྱ་བོད་ལུགས་གསོ་རིག་སོགས་ཀྱི་དགེ་མཚན་ཐོན་ཁུངས་ལ་བརྟེན་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བཞིན་ཡོད། ད་ཐེངས་ཀྱི་འབྲོག་པའི་རིག་གནས་ཡུལ་སྐོར་དུས་ཚིགས་ནི་གསེར་རྟའི་ཡུལ་སྐོར་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་རྒྱག་པའི་སྟེགས་བུ་གལ་ཆེན་ཞིག་དང་གསེར་རྟ་དྲིལ་སྒྲོག་དང་འགྲེམས་སྟོན་གྱི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན་པ་རེད།།
(སྐལ་བཟང་རྒྱ་མཚོས་བསྒྱུར།)
