( པར་ངོས་དང་པོར་མཐུད།)ཕྱོགས་བསྡུས་རོགས་སྐྱོབ་དང་། བར་བརྒལ་བཀོད་སྒྲིག་སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ནས་རང་བྱུང་གནོད་འཚེའི་ཉེན་ཁ་ཁྱབ་འགྱེད་ལ་བཀག་འགོག་བྱེད་དགོས། ང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་ངེས་པར་དུ་གནོད་འཚེ་ཆེན་པོ་དང་ཚོད་བགམ་ཆེན་པོ་རེ་རེའི་ཁྲོད་ནས་གཡུར་ཟའི་བྱས་འབྲས་ཐོན་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཚན་རྩལ་གྱི་འདེགས་སྐྱོར་དང་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་ཐད་རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲལ་སྡོམ་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། འཕྲལ་སྡོམ་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་བྱུང་གནོད་འཚེའི་རྨང་གཞིའི་ཞིབ་འཇུག་གཏིང་ཟབ་བྱེད་པ། འགག་རྩའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ཚན་རྩལ་སྤེལ་རེས་ཐད་མཉམ་ལས་གཏིང་ཟབ་བཅས་བྱེད་དགོས། ཁྲིམས་སྐྱོང་ཐད་འཕྲལ་སྡོམ་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་འཛིན་ནན་པོ་བྱ་རྒྱུ་ཟུང་འབྲེལ་གྱིས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། གཞི་རིམ་ནི་རང་བྱུང་གནོད་འཚེ་འགོག་པའི་འཐབ་ཕྱོགས་དང་པོ་ཡིན་པས། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་བའི་ལས་ཀར་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་གཏན་ནས་གཏོང་མི་རུང་། གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཕྲལ་སྡོམ་བྱ་ཡུལ་འཛུགས་སྐྲུན་དང་དངོས་ཟོག་སྒྲིག་ཆས་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་འཛུགས་སྐྱོང་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་མཉམ་ཞིབ་དང་མཉམ་འགོག་མཉམ་བཅོས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ནས་དམངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་གྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་དེ་སྡེ་ཚན་མང་པོ་དང་། གནོད་འཚེའི་རིགས་མང་པོ། ལྷུ་ཚིགས་མང་པོ་བཅས་དང་འབྲེལ་བ་ཡོད་པས་ངེས་པར་དུ་འགན་འཁྲི་ཁག་བགོས་ཁ་གསལ་དང་། འགན་འཁྲིའི་སྦྲེལ་ཐག་ལ་དམ་པོར་དམིགས་པ། མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་ནས་ཟུང་འབྲེལ་གང་ལེགས་བྱེད་པ་དང་། འགོག་སྲུང་སྦྲེལ་མཐུད། གོང་འོག་མཉམ་འགུལ་བཅས་མཐའ་འཁྱོངས་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ནས་འཕེལ་རྒྱས་ལ་མཐོང་ཆེན་དང་བདེ་འཇགས་ལ་སྣང་ཆུང་བྱེད་པ་དང་། གེགས་སེལ་ལ་མཐོང་ཆེན་དང་སྔོན་འགོག་ལ་སྣང་ཆུང་བྱེད་པ་སོགས་ཕྱོགས་ལྷུང་གི་བསམ་བློར་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་ཁག་གི་ལས་བྱེད་པའི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ནས་ངོས་འཛིན་གནད་ལ་འཁེལ་བ་དང་། འགན་འཁྲི་གནད་ལ་འཁེལ་བ། ལས་དོན་གནད་ལ་འཁེལ་བ་བཅས་ཡོང་བར་འགན་ལེན་བྱེད་དགོས།།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
