国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དེ་རིང་གཞས་ ཀྱི་སྙིང་པོ།

དེ་རིང་སྣང་ཚོར་སྣང་བའི་མེ་ལོང་ངོས་སུ།།

སྣང་བ་དཀར་དམར་འདྲེས་པའི་གཏམ་ཞིག་ཐོན་སོང་།།

གཏམ་རྒྱུད་གངས་ལ་བཞག་པའི་དྲན་ཤིང་རེ་རེས།།

མི་ཚེའི་བཞུར་ལམ་ཁྲོད་དུ་རྡོ་རིང་བཙུགས་སོང་།།

དེ་རིང་སེམས་ཀྱི་བུ་ལོ་དབྱངས་ལ་ཐིམ་སོང་།།

གདུང་བའི་སྡིག་སྒྲིབ་མཐའ་དག་རང་སར་དེངས་སོང་།།

ཨ་ཅག་ཚངས་སྲས་བུ་མོའི་འཛུམ་ཞལ་དྲན་བཞིན།།

རང་སེམས་གཞས་ཆུང་ཞིག་གི་མཚོན་དོན་བཀོད་ཡོད།།

དེ་རིང་ཟླ་བ་དགུ་པའི་མཛེས་ཉམས་མཐོང་སོང་།།

ལྷད་མེད་དྭངས་གཙང་ཞིག་གི་ཡུལ་ལྗོངས་ཕངས་ནས།།

ལྷོད་ཀྱིས་བཞུར་བའི་སྙན་ཚིག་མེ་ཏོག་བཀྲམ་ཡོད།།

ཚངས་མགུར་བཅད་མའི་གཤིས་དང་མཐུན་པར་བྲིས་ཡོད།།

དེ་རིང་དབྱངས་ཀྱི་མེ་ཏོག་མང་པོ་བཏུས་ཡོད།།

མི་ལའི་མགུར་ཆུང་འདྲ་བའི་གཞས་ཀྱང་བླངས་ཡོད།།

དེ་རིང་དགའ་སྐྱོ་འདྲེས་མའི་མེ་ཏོག་བསླེས་ཡོད།།

ཚོར་བ་སྐྱེན་པའི་མི་ལ་ལེགས་སྐྱེས་དབུལ་ཆོག །

སེམས་ཚོར་ཟབ་མོ་རུས་པའི་གསེང་དུ་སྦས་ཡོད།།

གདུང་སེམས་མཐའ་དག་རྒྱང་ནས་རྒྱང་དུ་བསྐྲད་ཡོད།།

ཉམས་དགའ་དབེན་པའི་ཚལ་ནས་མགུར་ཞིག་བླངས་པ།།

དུང་སེམས་བརྩེ་བ་མཚོན་པའི་སྙན་ངག་ཡིན་ཆོག །

ཡུན་ཐུང་མི་ཚེ་ཕྲ་མོའི་གཏམ་རྒྱུད་མི་གླེང་།།

སྟོང་བསམ་སྟོང་འདང་ཞིག་གི་གསང་བ་མི་བཤད།།

ཚོར་བ་དབྱངས་སུ་གྱེར་བའི་ཁེར་རྐྱང་བུ་ལོས།།

སྲིད་པའི་སྒྲུང་རིང་འདྲ་བའི་ཚོར་བ་བྲིས་ཡོད།།

དུང་བརྗོད་དུང་ཕྲེང་དཀར་པོ་མགུལ་དུ་བཏགས་ནས།།

དུང་བའི་མེ་ཏོག་འཕྲིན་ཡིག་ནང་དུ་བཏུམ་ཡོད།།

དུང་སེམས་གཞས་ལ་འཁྲེང་བའི་མི་ལ་དབུལ་ཆོག །

བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་ཡོད།།

ངེས་འབྱུང་ཆོས་སྐད་མཐོན་པོས་ལབ་ཅིག་མི་རྒྱག །

འཁོར་བའི་སྡུག་བསྔལ་སྨྲས་ཏེ་མིག་ཆུ་མི་འདོན།།

རང་སེམས་རང་ལ་དབང་བའི་གླུ་ཞིག་ལེན་ཡོང་།།

ཁྲག་རྩ་ཡང་ཡང་སྒུལ་བའི་རོལ་མོ་དཀྲོལ་ཡོད།།

བཟོ་བཅོས་མང་པོ་བྱས་ཏེ་འཁྲབ་སྟོན་མི་བྱེད།།

ངོ་ལྐོག་མཚུངས་ཐབས་མེད་པའི་གཡོ་སྒྱུ་མི་ལས།།

དགའ་སྐྱོ་ངག་ལ་དྲངས་ཏེ་རང་སེམས་མངོན་ཆོག །

གསང་བའི་སྒོ་མོ་ཕྱེས་ནས་འཇིག་རྟེན་ཉུལ་ཆོག །

བདེན་དོན་སེམས་སུ་སྦས་ནས་གཏམ་ཞིག་བཤད་པ།།

སེམས་དང་བསམ་པ་གླན་པའི་མཚོན་དོན་མིན་འགྲོ།།

རུས་པའི་སྦུབས་སུ་གནས་པའི་སེམས་ཀྱི་སྐད་ཆ།།

གངས་ལྗོངས་གཞོན་ནུའི་སྤྱན་སྔར་འདི་ལྟར་བཀྲམ་ཡོད།།

༼ རྫ་ཤུལ་བློ་བཟང་། ༽