国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚེ་ རིང་ ལྷ་ མོ།

འགྱུར་ལྡོག་ཧ་ཅུང་ཆེ་བའི་སྤྱི་ཚོགས་འོག་ནས། འུ་གཉིས་དོ་མི་མཉམ་པའི་ཐེམ་སྐས་ལ་ཡང་ཡང་གོམ་པ་སྤོས་ཏེ། ཀྱག་ཀྱོག་གི་ལམ་འཕྲང་དོག་མོ་དག་བརྒྱུད་རྗེས། ངས་བརྩེ་བའི་དར་སྐུད་རིང་མོ་དེ་ཁྱོད་ཀྱི་ཕྱོགས་སུ་འཐེན། དུང་བའི་ཤེལ་དཀར་ལྷུན་པོ་འདི་ཁྱོད་ཀྱི་མདུན་དུ་བཞེངས། འཛུམ་པའི་སྤྲིན་དཀར་གྱི་སེམས་པ་འདིའང་ཁྱོད་ལ་བཅངས། རེད། འུ་གཉིས་ཆ་མེད་ལས་ཆ་ཡོད། ཆ་ཡོད་ལས་རྒྱུས་ཡོད། རྒྱུས་ཡོད་ལས་ལས་མཐུན་ཆགས་པ་འདིའང་སྔོན་ལས་ཀྱི་བསོད་ནམས་ཡིན་ཨེ་མི་འགྲོ། དེས་ན། ངས་བཤད་འདོད་པ་དག་སྦ་གསང་མེད་པར་ལུག་ཁྱུ་ཐང་ལ་བཀོད་པ་ལྟར་གླེང་ན། ཁྱོད་ཀྱིས་ཀྱང་ང་ལ་སྙིང་ཆས་མ་གཏོང་། འུ་གཉིས་ངོ་ཤེས་པ་ནས་བཟུང་། དྭངས་གསལ་སེམས་པའི་ངོས་སུ་ཟླ་བ་བཞིན་དུ་འཛུམ་ཡོང་ལ་ཉི་མ་བཞིན་འཆར་ཡོང་བ་དེ་ཁྱོད་ལས་སུ། འོན་ཀྱང་། སྤོབས་པ་དང་ནུས་པས་མ་ལྕོགས། མི་ཁ་དང་ཕྲག་དོག་རྒོད་པས་མ་གླེང་། འབྲི་མ་ཕོད། གླེང་མ་ཕོད། མ་ཕོད། སྤོབས་པས་རེ་དོགས་ལ་བཟུང་ནས་བཤད་མ་ཕོད། ནུས་པའི་ཁུར་པོ་དེ་ལྕི་བས་འབྲི་མ་ཕོད། མི་ཁ་ཚེར་གདུང་དེ་གཏུམ་དྲགས་པས་གླེང་མ་ཕོད། གཞོན་པའི་ཕྲག་དོག་དེ་རྒོད་པས་ཅི་ཡང་མ་ཕོད། མདོར་དེད་ན་ལོ་ཟླ་རིང་མོ་འདི་དག་གི་བར་གསེང་ནས། དགའ་བ་རྒྱུན་ཆད་མེད་པར་སེམས་སུ་ཉར། དུང་བ་ཟད་མཐའ་མེད་པ་འདི་ཡིད་ལ་སྦས། ལྐོག་ལྐོག་ནས་ཟུར་མིག་གཏོང་བ་ལས་མ་འཇོན། དོ་ནུབ་རེ་དོགས་འདུན་མ་རྒྱང་དུ་བཅད། མི་ཁ་ཕྲག་དོག་རྒྱབ་ལ་གཡུགས་ནས་གཏོགས་ཙམ་མ་གླེང་ན། གོ་སྐབས་ཀྱིས་ང་དང་བར་ཐག་བསྐལ་བཞིན་པ་འདྲ། དུས་ཚོད་ཀྱིས་ང་ལ་གྱེས་བརྡ་གཏོང་བ་འདྲ་བས། སེམས་པ་ཚབ་ཚུབ་ངང་ཅིས་ཀྱང་བཤད་དགོས་བྱུང་། དངོས་གནས་སེམས་དམར་པོའི་ཕྱི་ནང་འདི་ཁྱོད་ཡིན། ཡིད་དྲན་པའི་ལྷ་མོ་དེའང་ཁྱོད་ཡིན། དགའ་བའི་མེ་ཏོག། དུང་བའི་གཅེས་ནོར། སྲོག་གི་ཕྱེད་ཀ ཡོད་ཚད་ཁྱོད་ཡིན་ཞེས་སྤོབས་པ་ཆེར་བསྐྱེད་དེ་བཤད་པ་ཡིན། མདོར་ན་འུ་གཉིས་ཚེ་རབས་གཏན་གྱི་སྐྱ་ཡ་བྱས་ན་ཆོག་ལགས་སམ།

སྤྲིན་དཀར་སེམས་པའི་བདག་མོ་ཁྱོད་ཡིན་སྙིང་མཐུན་ལས་ཀྱི་མེ་ཏོག་ཁྱོད།།

བརྩེ་བ་རྣམ་དག་བདུད་རྩི་ཁྱོད་ཡིན་ཚེ་རབས་གཏན་གྱི་སྲུང་མ་ཁྱོད།།

བཅོས་མིན་ང་ཡི་གཅེས་ནོར་ཁྱོད་ཡིན་གཞིས་ཁྱིམ་གྲུ་བཞིའི་ལྷ་མོ་ཁྱོད།།

འཇིག་རྟེན་འཁོར་བའི་རྩེད་གྲོགས་ཁྱོད་ཡིན་འཛུམ་དཀར་འཆང་བའི་སྙིང་གྲོགས་མ།།

༼ དབྱངས་ཞི་བ། ༽