སྔོན་ཆད། ང་ནི་ཁྱིམ་ནས་སྡོད་མི་ཚུགས་པ་ཡིན། ད་ལྟ། ང་ནི་སྲང་ལ་འགྲོ་མི་འདོད་པ་ཞིག་ཡིན།
སྲང་ལ་འགྲོ་ཐེངས་རེར། ངས་ནི་མིག་ཟུང་བགྲད་དེ་ཡར་ལ་བལྟས་ཤིང་། རྣ་བ་གླགས་ཏེ་མར་ལ་ཉན། བློ་རིག་བསྒྲིམས་ཏེ་བར་ལ་དཔྱད་པར་གོམས་པས། སྲང་ནས་ཁྱིམ་ལ་ཐོན་ཐེངས་རེར། ང་ལ་འགྲོ་རོགས་ཀྱིས་མ་མཐོང་བ་མང་པོ་བཤད་རྒྱུ་ཡོད་ཅིང་། འགྲོ་རོགས་ཀྱིས་མ་ཐོས་པ་མོད་པོ་བགྲང་རྒྱུ་ཡོད་པས། གྲོགས་པོ་ཞིག་གིས་ང་རང་ཉེན་རྟོག་པ་བྱས་ན་འགྲིག་ཟེར། ཡིན་ནའང་། ངས་སྐབས་དེར་འཚོལ་གྱིན་པ་ནི་གསོད་འཕྲོག་གི་ལས་གཉེར་མཁན་དང་། ཆང་འཐུང་རྒྱན་འཇོག་གི་བྱ་བ་བྱེད་མཁན་མིན་པར། སྒོ་རྟགས་དང་གྱང་ངོས་སུ་བྲིས་པའང་སྦྱར་བའི་རྒྱ་བོད་ཟུང་འབྲེལ་གྱི་ཡི་གེ་དེ་དག་གི་འགྱུར་འགྲིག་མིན་དང་། དོན་དག་མིན། གཟུགས་ཡག་མིན་སོགས་ཡིན་པས། ཡང་གྲོགས་པོ་ཞིག་གིས་ང་རང་ཡིག་སྒྱུར་ལས་ཁུངས་སུ་སོང་ན་ཡག་ཟེར།
སྐབས་དེར། ངས་འཛིན་བདག་གི་བཀའ་བཀོད་ལྟར་མིང་ཤེས་དང་མི་ཤེས་པའི་ཡིག་སྒྱུར་འཛིན་གྲྭའི་འགྱུར་དེབ་ལ་ཞུ་དག་བྱེད་དུས་དང་། ངོ་ཟིན་དང་མི་ཟིན་པའི་སློབ་གྲོགས་གང་མང་ལ་རོགས་བྱས་ཏེ་མཐར་ཕྱིན་དཔྱད་རྩོམ་གྱི་པར་ངོས་ཇུས་འགོད་དང་རྒྱབ་ཤུན་མཛེས་བཟོ། དཀར་ཆག་ཇུས་སྒྲིག། ཞབས་མཆན་གསལ་འགོད་སོགས་བྱེད་དུས། གྲོགས་པོ་ཞིག་གིས་ང་རང་དཔེ་སྐྲུན་ཁང་དུ་ཕྱིན་པ་ལེགས་ཟེར། ཡང་ངས་རྩོམ་ནམ་རྒྱུན་འབྲི་བ་དང་། སྒོས་སུ་མཐར་ཕྱིན་དཔྱད་རྩོམ་གྱི་ནང་དོན་ནི་ཏག་ཏག་སློབ་གསོ་དང་འབྲེལ་བ་ཡོད་པ་རྟོགས་རྗེས། གྲོགས་པོ་ཞིག་གིས་ང་རང་དགེ་རྒན་བྱས་ན་མཛའ་ཟེར། མཐར་ང་རང་གྲོགས་པོ་དེས་བཤད་པ་ལྟར་དགེ་རྒན་ཞིག་ཏུ་གྱུར།
སློབ་མ་ཡིན་དུས་འགྱུར་སྐྱོན་ལ་བརྟག་རྒྱུར་དགའ་ཞིང་ཡིག་ནོར་འཚོལ་བར་གོམས་པའི་ནད་འདི་ང་རང་དགེ་རྒན་བྱས་རྗེས་ད་དུང་དྲག་སྐྱེད་ཡེ་ནས་མ་བྱུང་བར་མ་ཟད། དེ་ལས་ཀྱང་ཤུགས་ཇེ་དྲག་དང་། ཚབས་ཇེ་ཆེ། ཡུན་ཇེ་རིང་དུ་་གྱུར་ཏེ། ས་གང་དུ་བསྡད་ན་སློབ་མ་དྲན་ཞིང་། ལས་ཅི་ཞིག་བྱས་ན་སློབ་མ་གླེང་། གནས་གང་དུ་ཆས་ན་སློབ་གསོ་དྲན་ཞིང་། དོན་ཅི་ཞིག་བསྒྲུབས་ན་སློབ་གསོ་གླེང་པས། སློབ་གྲྭ་ཚོགས་ན་འདུག་རོགས་སློབ་མ་དང་སློབ་གྲྭ་གྲོལ་ན་འགྲོ་རོགས་དཔེ་ཆ་རུ་ངང་གིས་གྱུར།
མཚམས་ཤིག། ཆུང་མས་ཁྱོད་རང་སྨྲ་བ་ཉུང་བར་གྱུར་འདུག་ཟེར། རྒྱུ་མཚན་ནི་ངེད་གཉིས་ཉིན་གང་བོར་སྲང་ལ་མྱུལ་རུང་། ཕྱིར་ཁྱིམ་ལ་ཐོན་ཐེངས་རེར་ངས་དཔེ་ཆ་ལྟ་འཕྲོ་ཁ་ཕྱེ་ནས་ཀློག་པ་ལས་ཕྱི་རོལ་གྱི་མཐོང་ཐོས་ཅི་ཡང་བཤད་རྒྱུ་མ་བྱུང་བས། མོ་རང་སེམས་ཁུར་ལ་གཏད་སོང་བ་འདྲ། དོན་དུ་ང་ལ་བཤད་འདོད་ཀྱི་སེམས་ཡོད་ཀྱང་བཤད་རྒྱུའི་གཏམ་གྱིས་དབུལ་ཏེ། ད་ལྟ་ང་རང་དགེ་རྒན་ཞིག་ཡིན་པས། ངས་ཕྱི་རོལ་དུ་མིག་གིས་ལྟ་བཞིན་པ་དང་། རྣ་ཡིས་ཉན་གྱིན་པ། སེམས་ཀྱིས་འཚོལ་གྱིན་པ་མཐའ་དག་སློབ་མ་ལས་གཞན་སུ་ཞིག་ཡོད་པ་རེད་ཨང་། ཡིན་ནའང་ངས་ལོ་ངོ་འདི་དག་གི་རིང་ལ་ལས་ཚོགས་གྲོལ་རྗེས་ཀྱི་དུས་ཚོད་མཐའ་དག་སྲང་དུ་སློབ་མ་འཚོལ་བའི་སྟེང་དུ་སྤྱད་རུང་། སློབ་མའི་གྲིབ་གཟུགས་ཙམ་ཡང་ངའི་མཐོང་ལམ་དུ་རྒྱུ་མ་བྱུང་ལ། སློབ་མའི་སྐད་བརྡ་ཙམ་ཡང་ངའི་རྣ་ལམ་དུ་འབྱོར་མ་བྱུང་བས། ངས་ཅི་ཞིག་བཤད་ཨང་།
ངས་ཅི་ཞིག་འཚོལ་གྱིན་ཡོད། ད་དུང་འཚོལ་གྱིན་ཡོད།
༼ གཅན་གླག་མིག། ༽
