国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངོགས་གཉིས་མཁས་དབང་ཚོ་འཛོམས་ནས་ཐའེ་ཝན་མཚོ་འགག་གི་གནས་བབ་གསར་པ་ཞིབ་འཇུག་བྱས་ཏེ། གནས་བབ་དང་འཕེལ་ཕྱོགས་ཆེན་པོ་མཐིལ་རྟོགས་ཀྱི་ སྒོ་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བསྐུལ།

ཞིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་འབྱོར་བའི་འཕྲིན་གསར་ལྟར་ན། དུས་རབས་ཀྱི་འགྱུར་ལྡོག་དང་ངོགས་གཉིས་ཀྱི་མ་འོངས་པའི་འབྲེལ་བ་ཞེས་པ་གཙོ་དོན་དུ་བྱས་པའི་ངོགས་གཉིས་རིག་མཛོད་རིག་གཞུང་གླེང་སྟེགས་སྐབས་བཅུ་གཉིས་པ་ཅང་སུའུ་ཝུའུ་ཞི་རུ་སྤེལ་བ་རེད། གླེང་སྟེགས་སུ་ཞུགས་པའི་མཁས་དབང་ཚོས་ད་ཆ་ཐའེ་ཝན་མཚོ་འགག་གི་གནས་བབ་རྙོག་དྲ་དང་ཛ་དྲག་ཆེ་ཡང་། ངོགས་གཉིས་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས། དེ་བཞིན་མེས་རྒྱལ་ངེས་པར་དུ་གཅིག་གྱུར་གྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོ་ལྡོག་ཏུ་མེད་པ་རེད། ངོགས་གཉིས་མཁས་དབང་ཚོས་སྤེས་རེས་མཉམ་འདྲེས་བྱེད་ཅིང་ཐའེ་ཝན་རང་བཙན་ལ་རྒོལ་ནས་གཅིག་གྱུར་ཡོང་བར་ཤུགས་བརྒྱབ་སྟེ་མེས་རྒྱལ་རྦད་དེ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རིག་མཛོད་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་བཤད་པ་རེད།

མཚོ་འགག་ངོགས་གཉིས་འབྲེལ་བ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྲུན་ཡ་ཧྥུ་ཡིས་ཤིས་ཚིག་འབུལ་སྐབས། ད་ལོ་ནས་བཟུང་། ཐའེ་ཝན་མཚོ་འགག་གི་གནས་བབ་ལ་ངོགས་གཉིས་འབྲེལ་བ་འཕེལ་རྒྱས་ལ་ཕན་པའི་འགྱུར་ལྡོག་བཟང་པོ་བྱུང་ཡོད། ཀྲུང་གོ་གོ་མིན་ཏང་གིས་སྐམ་སའི་ཕྱོགས་དང་འབྲེལ་བ་དགེ་མཚན་ལྡན་པ་སྤེལ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་བརྟན་བརླིང་འབྲེལ་བ་དགེ་མཚན་ལྡན་པའི་ཚད་དཔོག་གཏན་ལ་ཕབ་པ་དང་། མེས་རྒྱལ་སྐམ་ས་ཆེན་པོས་ཐའེ་ཝན་ལས་དོན་སྤྱི་ཡོངས་ཁོང་དུ་བརྟན་པོར་ཆུད་ཅིང་། ངོགས་གཉིས་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཤུགས་ཆེན་སྐུལ་བ། ཐའེ་ཝན་རང་བཙན་ལ་ངོ་རྒོལ་དང་ཇུས་གཏོགས་ལ་རྒོལ་བའི་འཐབ་འཛིང་རྒྱུན་ཆད་མེད་པར་དྲག་ཏུ་བཏང་ཡོད། ཐའེ་ཝན་ཤར་རྒྱུད་མཚོ་ཁོངས་སུ་ཁྲིམས་འཛིན་སྐོར་ཞིབ་བྱེད་པ་སོགས་བྱ་སྤྱོད་དགོས་ངེས་སྤེལ་ནས། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་སྟོབས་ཤུགས་ལ་ཟིལ་གནོན་སྔར་བས་དྲག་པོ་ཐེབས་ཡོད་ཅེས་བཤད་པ་རེད།

རྒྱལ་ཡོངས་ཐའེ་ཝན་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཝེ་ཞིང་གིས་ད་སྔར་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་འབྲེལ་བ་དེ་ཀྲུང་ཨ་འབྲེལ་བའི་ཚད་དཔོག་གསར་པ་ཆགས་པའི་ངོས་ནས། ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་ཨ་རིར་བརྟེན་ནས་རང་བཙན་གཉེར་བའི་བར་ཁོངས་རྒྱུན་ཆད་མེད་པར་བཅུམ་ཡོད། ཐའེ་ཝན་བདེ་འཇགས་གནས་བབ་ལོ་རྒྱུས་རང་བཞིན་གྱི་བསྐྱར་དུ་འཛུགས་པ་དང་དྲག་ཤུགས་ཀྱིས་གཅིག་གྱུར་ལ་རྒོལ་བའི་འགྲོ་ལམ་རྦད་དེ་ཤོར་ཚར། ངོགས་གཉིས་སྤེལ་རེས་ཀྱི་གནས་བབ་གསར་པ་ཆོས་ཉིད་རང་བཞིན་གྱིས་བསྐྱར་དུ་བཙུགས་ནས། མཉམ་འདྲེས་གཅིག་གྱུར་ལ་ཕྱོགས་པའི་འཕེལ་ཕྱོགས་འགོག་ཐབས་རྩ་བ་ནས་མེད། མེས་རྒྱལ་གཅིག་གྱུར་གྱི་འཕེལ་ཕྱོགས་ཆེན་པོ་འགོག་མི་ཐུབ་ཅིང་། དེ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐྱོད་པའི་དུས་སྐབས་དང་གནས་བབ། གནས་ལུགས་བཅས་ཀྱིས་ཐག་བཅད་པ་རེད་ཅེས་བཤད།

ཐའེ་ཝན་དུས་རབས་ཉེར་གཅིག་པའི་ཐེབས་རྩ་ཚོགས་པའི་རྐང་དཔོན་གཞོན་པ་ཀའོ་སི་པོ་ཡིས་ངོགས་གཉིས་མཁས་དབང་ཚོས་ད་སྔའི་དུས་བབ་ལ་དམིགས་ནས། ངོགས་གཉིས་ཞི་མཐུན་འཕེལ་རྒྱས་ལག་གདང་སྦྲེལ་ནས་སྐྱོད་པའི་འགྲོ་ལམ་མཉམ་དུ་འཚོལ་ཞིབ་བྱ་དགོས། གླེང་སྟེགས་སུ་སྤེལ་རེས་ཟབ་མོ་བརྒྱུད་དེ་རྒྱང་མཐོང་རང་བཞིན་གྱི་ཞིབ་འཇུག་དང་སྲིད་ཇུས་གྲོས་འགོ་བཏོན་ནས་འབྱུང་འགྱུར་ཞི་མཐུན་གཅིག་གྱུར་ཡོང་བར་དཔག་ཤེས་བསམ་གཞིག་དེ་བས་ཕུན་སུམ་ཚོགས་པ་འདོན་ཐུབ་པ་ཡིད་ཆེས་ཡོད་ཅེས་བཤད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཐའེ་ཝན་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲུའུ་ཝེ་ཏུང་གིས་ངོགས་གཉིས་ངེས་པར་གཅིག་གྱུར་ཡོང་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ཁྲོད་དུ་གནས་མཐུན་ལུགས་མཐུན་གྱི་ནང་གནས་ཞུ་གཏུག་ཡིན་ལ། ངེས་པར་གཅིག་གྱུར་ཡོང་བ་ནི་དངོས་ཡོད་ཀྱི་འཕེལ་ཕྱོགས་ལྡོག་ཏུ་མེད་པ་རེད་ཅེས་བཤད། ཁོང་གིས་བཏོན་པའི་གཅིག་གྱུར་དུམ་གསུམ་སྨྲ་བ་ཞེས་པ་ངོགས་གཉིས་གཅིག་གྱུར་འཕེལ་འགྱུར་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་བྱེད་པའི་དབྱེ་ཞིབ་སྒྲོམ་གཞི་ཡིན་པའི་ཆ་ནས། སྒྲོམ་གཞི་དེར་དམིགས་འབེན་སྨྲ་བ་དང་བརྒྱུད་རིམ་སྨྲ་བ། དུས་རིམ་སྨྲ་བ་བཅས་ནང་དོན་གསུམ་འདུས་པ་དང་། གསུམ་ཀ་གཅིག་གྱུར་དམ་ཟབ་དང་ཁ་འབྲལ་དུ་མི་རུང་ཞིང་། ངོགས་གཉིས་འབྲེལ་བ་ཞི་མཐུན་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས། མཐར་ཐུག་ངོགས་གཉིས་གཅིག་གྱུར་ཡོང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད། དམིགས་འབེན་སྨྲ་བ་ལས་འཐབ་ཇུས་ཀྱི་བརྟན་ཤུགས་བརྟན་པོར་བཟོ་བ་དང་གཅིག་གྱུར་གྱི་དམིགས་འབེན་གཡོ་འགུལ་མི་གཏོང་བར་དམིགས་ནས། སེམས་པ་གཅིག་མཐུན་ཡོང་བའི་གཅིག་གྱུར་སྤུས་ཚད་མཐོན་པོར་རེ་སྙེག་བྱ་དགོས་པའི་བློ་འབྱེད་ཐོབ། བརྒྱུད་རིམ་སྨྲ་བ་ལས་འཐབ་ཇུས་ཀྱི་གདེང་ཚོད་སྐྱོང་བ་དང་། གཅིག་གྱུར་གྱི་དུས་སྐབས་དང་གནས་བབ། གནས་ལུགས་བཅས་སྐམ་སའི་ཕྱོགས་སུ་གནས་པ་གསལ་པོར་ཤེས་ཤིང་། རང་བཙན་ལ་ངོ་རྒོལ་དང་གཅིག་གྱུར་ཡོང་བ་ཕྱོགས་གཉིས་ཀྱི་ཐབས་ཇུས་བསྟར་བ་རྒྱུན་འཁྱོངས་ཏེ། གཅིག་གྱུར་གྱི་སྤྱི་ཚོགས་རྨང་གཞི་མུ་མཐུད་དེ་བརྟན་པོར་བཟོ་དགོས་པའི་བླང་བྱ་བཏོན། དུས་རིམ་སྨྲ་བ་ལས་གཅིག་གྱུར་འཕེལ་རིམ་ཁྲོད་ཀྱི་འཐབ་ཇུས་གོ་སྐབས་ལེགས་ཤོས་སྟངས་འཛིན་ཡག་པོ་བྱེད་ཅིང་། འགྲན་རྩོད་རྙོག་དྲ་འགྱུར་ཚུལ་ལྡན་པའི་ཁྲོད་དུ་གཅིག་གྱུར་ལ་ཕན་པའི་འཐབ་ཇུས་འཕེལ་ཕྱོགས་བཟོས་ཏེ། མཐར་ཐུག་གཅིག་གྱུར་ཡོང་བའི་ཆ་རྐྱེན་ཕན་ཡོད་རྒྱུན་ཆད་མེད་པར་བསག་དགོས་པའི་གསལ་འདེབས་བྱས་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཐའེ་ཝན་ཞིབ་འཇུག་ཁང་དང་། རྒྱལ་ཡོངས་ཐའེ་ཝན་ཞིབ་འཇུག་ཁང་། ཞ་མེན་སློབ་ཆེན་ཐའེ་ཝན་ཞིབ་འཇུག་ཁང་། ཐའེ་ཝན་དུས་རབས་ཉེར་གཅིག་པའི་ཐེབས་རྩ་ཚོགས་པ་བཅས་ཀྱིས་གླེང་སྟེགས་མཉམ་དུ་གཉེར་བ་དང་། ངོགས་གཉིས་ནས་ཡོང་བའི་མཁས་དབང50ལྷག་གིས་ཐའེ་ཝན་མཚོ་འགག་གི་གནས་བབ་གསར་པར་དམིགས་ནས་བགྲོ་གླེང་གནང་བ་རེད།།

( སྐལ་ཐུབ་ཀྱིས་བསྒྱུར། )