国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་རབས་དགུ་བཅུའི་ནང་སྐྱེས་པའི་གླུ་མ་ཁམས་སྐྱིད་མཚོ་ཆུང་དུས་ནས་གླུ་བླང་རྒྱུ་ལ་དགའ་བ་དང་སྐད་ངག་ཀྱང་ཧ་ཅང་བདེ་པོ་ཡོད། ལོ་འདི་དག་གི་རིང་ལ་མོས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསལ་ནས《ཟླ་འོད་འོག་གི་དྲན་གདུང་།》དང《སྣང་ངུ་གཡུ་སྟག》《མཐའ་མའི་དག་ཞིང་།》སོགས་གླུ་དབྱངས་གསར་པ་བཅུ་ལྷག་བླངས་པར་མི་མང་པོའི་དགའ་བསུ་ཐོབ་ཡོད་ཅིང་། ཁམས་པའི་བརྙན་འཕྲིན་ཁང་དང་ཨ་མདོའི་བརྙན་འཕྲིན་ཁང་སོགས་ཀྱིས་མོ་རང་བོད་ལོ་སར་དགོང་ཚོགས་ཀྱི་གར་སྟེགས་སུ་གདན་འདྲེན་ཞུས་ཡོད་ལ་མོ་རྫ་ཆུ་ཁ་རྨ་ཆུའི་སྦྲ་གུར་དུས་ཚིགས་ནས་རྩྭ་ཐང་གི་རོལ་དབྱངས་དུས་ཆེན་སྣ་ཚོགས་ལ་ཡང་ཞུགས་མྱོང་།

སྲོལ་རྒྱུན་གླུ་གཞས་ཀྱི་རྩ་བ་གཏན་དུ་བསྐྱངས།། དེང་རབས་ཁྱབ་སྒྲོག་གི་ལག་ལེན་གསར་དུ་བཏོད།།

བྱང་སྡེ་ཉི་མ་རྫ་ཆུ་ཁ་ནས་འཚར་ལོངས་བྱུང་བའི་གླུ་མ་ཁམས་སྐྱིད་མཚོའི་གནས་ཚུལ་རགས་བཀོད།

11911_KBZM01B_20260724ཁམས་སྐྱིད་མཚོས་རྟ་ཞོན་ནས་ཕ་ཡུལ་གྱི་རྩྭ་ཐང་དུ་འགྲོ་བཞིན་པ།

11912_KBZM01B_20260724ཁམས་སྐྱིད་མཚོ་དང་རིག་རྩལ་ལས་རོགས་བར་སྤེལ་རེས་བྱེད་བཞིན་པ།

རྫ་ཆུ་ཁ་རྩྭ་ཐང་གི་ཅོ་ཀའི་དྲུག་འགྱུར།

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་པའི་སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་མཚོ་འཕགས་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྫོང་ཞིག་ཡིན་ལ་བྱང་སྡེ་ཉི་མ་རྫ་ཆུ་ཁ་ཞེས་ཀྱང་བརྗོད་ཀྱིན་ཡོད། གནས་འདིའི་མཁའ་རླུང་གི་གསོ་རླུང་འདུས་ཚད་ནི་ཀླུང་ཐང་གི་ཕྱེད་ཀ་ཙམ་ཡིན་པ་དང་། ལོ་གཅིག་ལས་ཟླ་བ་བརྒྱད་ནི་དགུན་དུས་ཡིན།

ཁམས་སྐྱིད་མཚོའི་ངོས་ནས་བརྗོད་ན་རྫ་ཆུ་ཁ་ནི་ཕ་ཡུལ་ཙམ་དུ་མ་ཟད་རོལ་དབྱངས་ཀྱི་འབྱུང་ཁུངས་དང་རྨང་གཞི་དེ་བས་ཡིན། རྫ་ཆུ་ཁའི་རྩྭ་ཐང་དང་། འབྲི་ཆུའི་འདམ་ར། རྩེ་མདའ་སྐོར་བྲོ། འབྲོག་པའི་ལ་གླུ། དེ་བཞིན་རྒྱུན་གཏན་གྱི་སྐྱས་སྤོས་འཚོ་བ་བཅས་ནི་མོའི་གསར་རྩོམ་གྱི་འབྱུང་རྩ་ལྟ་བུ་ཡིན་ཞིང་། མོའི་བྱིས་དུས་ཀྱི་དྲན་ཤེས་ནི་རྟ་རྒྱུག་གི་རྨིག་སྒྲ་དང་། སྐོར་བྲོའི་རྡོག་སྒྲ། འབྲོག་པའི་གླུ་སྐད་བཅས་སུ་མཉམ་དུ་བསྲེས་ནས་གྲུབ་པ་དང་། དུས་ཆེན་གལ་ཆེན་ནམ་ཡང་ན་གྲོང་སྡེའི་བྱེད་སྒོ་སོགས་གང་ཞིག་སྤེལ་རུང་མི་རྣམས་མཉམ་དུ་འཛོམས་ནས་སྐོར་བྲོ་འཁྲབ་པ་དང་འབྲོག་གླུ་ལེན་བཞིན་ཡོད་པས་རང་ཤུགས་སུ་བྱུང་བ་དང་དམངས་ཡོངས་ཞུགས་པའི་རིག་གནས་ཀྱི་རྣམ་པ་དེ་ནི་ཁམས་སྐྱིད་མཚོར་རོལ་དབྱངས་སློབ་ཚན་སྔ་ཤོས་སུ་གྱུར།

མོ་ལོ་བདུན་ཙམ་ལ་སླེབས་དུས་ཨ་ཕའི་སྒྲ་སྡུད་འཕྲུལ་ཆས་རྙིང་བ་དེའི་ནང་ནས་སྦྱངས་པའི《ཨ་ཁུ་པདྨ།》ཞེས་པའི་གླུ་དེ་མི་ཚོགས་ཀྱི་དཀྱིལ་དུ་བླངས། དེ་རྗེས་མི་མང་པོས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་ཐལ་མོའི་རྡེབ་སྒྲས་ཁེངས། ཨ་མ་རྒན་མོ་ཁ་ཤས་ཀྱིས་མོའི་ལག་པར་འཇུས་ནས་ཁྱོད་ཀྱི་སྐད་ངག་ཁུ་བྱུག་གསུང་སྐད་ལས་ཀྱང་སྙན་འདུག་ཅེས་བསྟོད་ར་བྱས། འཚོ་བ་ལས་བྱུང་བའི་བབ་ཆགས་ཀྱི་ཁས་ལེན་ཐོབ་པས་ན་མོའི་གླུ་ལེན་ལམ་བུར་དེ་བས་སྤྲོ་བ་ཤུགས་འཕེལ་བ་དང་སྲོལ་རྒྱུན་གཞས་གདངས་དེ་དག་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱ་རྒྱུར་སྐུལ་མ་ཡང་ཐེབས་ཡོད།

ཁམས་སྐྱིད་མཚོས་གསར་འགོད་པར་འབྲོག་གླུ་ནང་གི་འདར་སྒྲ་ནི་ཐབས་རྩལ་མིན་པར་རི་ལུང་གི་བྲག་ཅ་ལ་ལད་མོ་བྱེད་པ་དང་། སྐོར་བྲོ་ནང་གི་རྡོག་བྲོ་ནི་དབྱངས་རྟ་མིན་པར་སྔོན་བྱོན་མེས་པོ་ཚོས་མཐོ་སྒང་གི་གྲང་ངར་འདེད་པའི་བྱ་སྤྱོད་ཅིག་རེད་ཅེས་བཤད། ཁྱིམ་ཚང་ནི་ཁམས་སྐྱིད་མཚོའི་རོལ་དབྱངས་ཕུགས་འདུན་གྱི“ཉེན་གཡོལ་གྲུ་ཁ”ལྟ་བུ་ཡིན་ཞིང་། བྱིས་དུས་ཆ་རྐྱེན་ཞན་པའི་དུས་སུ་ཨ་ཕས་སྒོར་མོ་བསགས་ནས་མན་རྡུང་ལེན་ཞིག་དངMP3གཏོང་ཆས་ཤིག་ཁྱིམ་དུ་ཁྱེར་ཡོད། དེ་ནི་ཁམས་སྐྱིད་མཚོ་ལ་མཚོན་ན་ཨ་ཕའི་ལེགས་སྐྱེས་ཤིག་ཡིན་ལ་སེམས་ཤུགས་དང་སྐུལ་མ་ཞིག་ཀྱང་དེ་བས་ཡིན། ད་ཆ་མོས་ས་གནས་གང་དུ་འཁྲབ་སྟོན་བྱས་ཀྱང་ཕ་མ་ནི་ནམ་ཡང་གར་སྟེགས་འོག་གི་ལྟད་མོ་བ་དམ་པ་དེར་རྩི་བཞིན་ཡོད། རོལ་དབྱངས་དགེ་རྒན་ཚོས་མོ་ལ་སྲོལ་རྒྱུན་དམངས་ཁྲོད་ཀྱི་གཞས་གདངས་རིང་པོ་དང་དེང་རབས་རོལ་དབྱངས་དོ་སྙོམས་ཡོང་བ་ཁྲིད་དེ་མཐོང་རྒྱ་ཆེ་རུ་གཏོང་རོགས་བྱས་ནས་གར་སྟེགས་དེ་བས་ཆེ་བའི་ཐོག་ཁྲིད་ཀྱིན་ཡོད། དམངས་ཁྲོད་སྒྱུ་རྩལ་པ་རྒན་གྲས་ཀྱིས་མོ་ལ་རྩེ་མདའ་སྐོར་བྲོ་དང་སྲོལ་རྒྱུན་འབྲོག་གླུ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་གཞས་གདངས་སློབ་ཁྲིད་བྱས་ནས་བོད་གླུ་ནི་སྐད་ངག་ཁོ་ནར་བརྟེན་མི་རུང་བར་རྩྭ་ཐང་དང་འབྲོག་པར་རྒྱུས་མངའ་ཡོད་ཚེ་གཞི་ནས་བྲོ་བ་ངོ་མ་ཞིག་ལེན་ཐུབ་ཅེས་བཤད།

སྲོལ་རྒྱུན་དང་དེང་རབས་གཅིག་གཞོགས་གཅིག་འདེགས་བྱས།

རྒན་རབས་པས་གདོད་མའི་བྲོ་བ་བརྒྱུད་འཛིན་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་བ་དང་མི་འདྲ་བར་ཁམས་སྐྱིད་མཚོ་ལྟ་བུ་ན་གཞོན་རོལ་དབྱངས་མཁས་ཅན་མི་རབས་དེས་སྲོལ་རྒྱུན་དང་དུས་དར་དོ་སྙོམས་ཡོང་ཐབས་འཚོལ་དགོས་ཀྱིན་ཡོད། མོས་བརྒྱུད་འཛིན་ནི་བསྐྱར་དཔར་མིན་པར་གསོན་པོ་ཡོང་བར་བྱ་དགོས། རྒན་རབས་ཚོས་ལ་གླུ་དང་། སྐོར་བྲོ། དཀྲོལ་གཏོང་བཅས་ཀྱི་རྣམ་པ་ཆ་ཚང་སྲུང་སྐྱོང་བྱེད་བཞིན་ཡོད། འོན་ཀྱང་གསར་སྐྱེས་མི་རབས་ཀྱིས་འབྱུང་རྩ་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གནའ་བོའི་གཞས་གདངས་དེ་ཁྱབ་སྤེལ་གྱི་ཁོར་ཡུག་གསར་པ་ཞིག་ཏུ་ཆགས་པར་ཤུགས་བརྒྱག་དགོས་ཞེས་བཤད།

བསམ་གཞིགས་དེ་རིགས་ཀྱི་རྒྱབ་ཏུ་ཕྱི་རོལ་ཆ་རྐྱེན་གྱི་ཚོད་འཛིན་དང་སྒྱུ་རྩལ་འདུ་ཤེས་ཀྱི་འགལ་བ་ཡོད། སེར་ཤུལ་རྫོང་ནི་ཐག་རིང་དུ་གནས་པས་ཆེད་ལས་ཀྱི་རོལ་དབྱངས་རྩོམ་སྒྲིག་དང་སྒྲ་ཕབ་སྒྲིག་ཆས་མེད། སྔར་ཁམས་སྐྱིད་མཚོས་གླུ་གཞས་ཤིག་སྒྲ་འཇུག་བྱ་ཆེད་རྫ་ཆུ་ཁ་ནས་དར་མདོ་དང་དེ་ནས་ཁྲེང་ཏུའུ་རུ་བསྐྱོད་དགོས་ཀྱིན་ཡོད། དུས་ཚོད་དང་དཔལ་འབྱོར་གྱི་མ་གནས་མཐོན་པོ་ཡིན་པའི་ཁར་རྒྱུས་མེད་ཀྱི་སྒྲ་ཕབ་ཁང་ནང་དུ་ཕྱི་འབྲེལ་བཅད་པའི་ཚོར་སྣང་དོགས་མི་བདེ་བ་བསྣན་པས་མོ་ལ་ཕྱིར་འཐེན་གྱི་བསམ་པ་ཐེངས་མང་སྐྱེས་མྱོང་།

ཁམས་སྐྱིད་མཚོས་གྲོང་ཁྱེར་དུ་རོལ་དབྱངས་གསར་རྩོམ་བྱེད་སྐབས་ཆུ་ཐོག་སོག་མ་ལྡིང་བ་ལྟ་བུ་ལས་རྩ་བ་མེད་པའི་ཚོར་སྣང་ཡོང་གིན་འདུག། ཐེངས་ཤིག་ཁྲེང་ཏུའུ་ཡི་སྒྲ་ཕབ་ཁང་དུ་གླུ་གཞས་ཤིག་ཇི་ལྟར་ཕབ་ཀྱང་བློ་ཡིད་ཚིམ་པ་ཞིག་བྱུང་མ་སོང་། གྲང་ཤུར་ཤུར་གྱི་སྒྲིག་ཆས་མདུན་ལ་རྩྭ་ཐང་དུ་གླུ་ལེན་པའི་ཚོར་སྣང་ཞིག་ནམ་ཡང་འཚོལ་མ་ཐུབ་པས་སྲོལ་རྒྱུན་དང་དུས་དར་བར་གྱི་དོ་སྙོམས་ས་ཞིག་རྙེད་དཀའ་སོང་ཞེས་བཤད།

དེ་བས་ཆེ་བའི་འགལ་བ་ནི་སྒྱུ་རྩལ་འདུ་ཤེས་ལ་གཡོ་འགུལ་བྱུང་བ་དེ་རེད། 2019ལོར་མོས་གློག་རྡུལ་རོལ་དབྱངས་ཀྱི་གཞི་རྒྱུ་འབྲོག་གླུའི་ཁྲོད་དུ་འདྲེས་རྒྱུའི་ཚོད་ལྟ་བྱས་ནས་བཅོས་སྒྲིག་བྱས་པའི་རོལ་དབྱངས་རྐྱང་པ་ཞིག་ཁྱབ་བསྒྲགས་བྱས་པར་ཉན་པ་ཚོའི་གདེང་འཇོག་ལ་མཐའ་གཉིས་སུ་གྱེས་ཡོད་དེ། མི་ལ་ལས་དེ་ལ་བློ་ཁོག་ཆེན་པོས་གསར་གཏོད་བྱེད་འདུག་ཅེས་བརྗོད་པ་དང་། མི་ལ་ལས་བཅོས་སྒྲིག་ར་མ་ལུག་རེད་འདུག་ཅེས་བཤད། དཀའ་ཁག་དེ་རིགས་ཀྱིས་མོར་རང་ཉིད་ལ་དོགས་པ་ཟ་རུ་བཅུག། དུས་སྐབས་དེར། མོས་ཐ་ན་གླུ་དབྱངས་དོར་འདོད་ཀྱི་བསམ་པ་བྱུང་ཡོད།

རོལ་དབྱངས་རྩོམ་སྒྲིག་གི་ངོས་ནས་བཤད་ན། ཁམས་སྐྱིད་མཚོས་མན་རྡུང་ལེན་དང་བོད་ལུགས་རྔ་སོགས་རང་སའི་རོལ་ཆས་སྒྲ་དབྱངས་དང་དེ་བཞིན་འབྲོག་གླུའི་དམིགས་བསལ་གྱི་གདངས་དབྱངས་གྲུབ་ཆ་སོར་འཇོག་བྱ་རྒྱུ་མཐའ་འཁྱོངས་པ་དང་། དུས་མཉམ་དུ་དུས་དར་དང་དམངས་གཞས་རོལ་དབྱངས་ཀྱི་གཞི་རྒྱུ་ནང་འདྲེན་བྱས་ནས་དེང་རབས་ཀྱི་སྒྲ་གདངས་མཉམ་བསྲེས་ལག་རྩལ་སྤྱད་དེ་སྒྲ་གདངས་ཀྱི་རིམ་པ་ཆེ་རུ་བཏང་། རྩྭ་ཐང་སོགས་ལ་བསྟོད་བསྔགས་ཁོ་ན་ཙམ་མིན་པར། དེང་རབས་གཞོན་ནུའི་ནང་སེམས་ཀྱི་འཇིག་རྟེན་ལ་སྨྱུག་རྩལ་བསྲིངས་ཡོད། མོའི་གླུ་ཚིག་ཏུ་ཕ་ཡུལ་ལ་ཞེན་ཆགས་དང་། ཕ་ཡུལ་འཕེལ་རྒྱས་ལ་སྤོབས་པ་སྐྱེ་བ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་རང་རྟོགས་ཆེ་བ། མི་རིགས་རིག་གནས་ཀྱི་གཞི་རྩར་ཕྱིར་འདང་རྒྱག་པ་སོགས་འདྲེས་ཡོད།

དབྱངས་རྟ་སྙན་མོས་རིག་གནས་བརྒྱུད་སྤྲོད་བྱས།

ཁམས་སྐྱིད་མཚོ་ཡི་རོལ་དབྱངས་དོན་གཉེར་དེ་མི་སྒེར་གྱི་གླུ་གཞས་ཁྱབ་ཁོངས་ལས་བརྒལ་ཡོད། མོས་རིག་གནས་བརྒྱུད་སྤྲོད་བྱེད་མཁན་གྱི་འགན་འཁུར་ནས་རོལ་དབྱངས་སྒྱུ་རྩལ་ཐད་འབད་ཏེ་རྫ་ཆུ་ཁ་དང་ཕྱི་རོལ་བར་གྱི་འབྲེལ་གཏུག་ཟམ་པ་སྐྲུན་རྩིས་ཡོད།

ཁམས་སྐྱིད་མཚོས་རང་ཉིད་ཀྱི་བརྩམས་ཆོས་བརྒྱུད་དེ་ཆ་འཕྲིན་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་བཅངས། ཐོག་མར་རང་བྱུང་ཡུལ་ལྗོངས་ཀྱི་ཤེས་ཚོར་ཏེ། བརྩམས་ཆོས་སུ་དལ་ཞིང་ལྷོད་པའི་དབྱངས་འགྲོས་དེ་རྫ་ཆུ་ཁའི་རྩྭ་ཐང་གི་ས་ཁམས་དང་གནམ་གཤིས་ཁྱད་ཆོས་སོགས་དང་མཐུན་པས་དུས་ཡུན་རིང་པོར་གྲོང་ཁྱེར་གྱི་འཚོ་བའི་ཁྲོད་གནས་པའི་ཉན་མཁན་ཚོར་ཐོབ་དཀའ་བའི་བག་ཕེབས་ཉམས་དགའི་མྱོང་ཚོར་ཞིག་བྱིན་ཐུབ། བར་དུ་འཚོ་བའི་གནས་ལུགས་མཚོན་པ་སྟེ། གཞས་ཚིག་ཏུ་དྲིན་ཚོར་དང་བྱ་དངོས་ཡོད་ཚད་མཉམ་སྐྱེ་མཉམ་གནས་ཀྱི་ནང་དོན་ཡོད་པས་རང་བྱུང་ཁམས་ལ་གུས་བཀུར་དང་ཁོར་ཡུག་དང་ཞི་མཐུན་མཉམ་གནས་ཀྱི་འཚོ་བའི་རྣམ་འགྱུར་མཚོན་ཡོད། ཐ་མ་དུང་བ་མཉམ་སྐྱེས་ཡོང་བ་སྟེ། ཕ་ཡུལ་ལ་ཞེན་ཆགས་བྱེད་པ་ཡིན་ནའང་འདྲ། གཉེན་ཉེར་སེམས་ཁྲལ་བྱེད་པ་ཡིན་ནའང་འདྲ། བབ་ཆགས་ཀྱི་བརྩེ་དུང་དེ་དག་ལ་ས་ཁོངས་ལས་བརྒལ་བ་དང་མི་རིགས་ལས་བརྒལ་བའི་ཡིད་དབང་འགུག་ཤུགས་ལྡན་ཡོད།

གོང་གསལ་གྱི་འདུ་ཤེས་ལ་གཞིགས་ནས་ཁམས་སྐྱིད་མཚོས་རྒྱུད་རིམ་ལྡན་པ་དང་བཀོལ་སྤྱོད་རང་བཞིན་གྱི་འབྱུང་འགྱུར་འཆར་འགོད་བཟོས་ཡོད། ཕྱོགས་གཅིག་ནས་མོས་ཕ་ཡུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རོལ་དབྱངས་ལ་དམིགས་ཏེ་རྫ་ཆུ་ཁའི་ས་གནས་ཁག་ཏུ་སྤེལ་བཞིན་པའི་སྐོར་བྲོ་དང་། འབྲོག་གླུ། དམངས་ཁྲོད་ཀྱི་གླུ་དབྱངས་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་བསྡུ་རུབ་དང་ལེགས་སྒྲིག་བྱ་རྒྱུ། ཕྱོགས་གཞན་ཞིག་ནས་རྒྱ་བོད་སྐད་གཉིས་མཉམ་འདྲེས་གསར་རྩོམ་བྱས་ཏེ་རྒྱལ་ཡོངས་ཀྱི་ཉན་མཁན་ཚོའི་དགའ་ཕྱོགས་ལ་ལྟ་རྟོག་བྱེད་པའི་སྐད་གཉིས་ཆེད་བསྒྲིགས་བཏོན་པར་མ་ཟད། དཀར་མཛེས་ཁུལ་གྱི་ཡུལ་ལྗོངས་དང་ཟུང་དུ་སྦྲེལ་ཏེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གླུ་གཞས་སུ་བྲིས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གཙོ་དོན་དུ་བྱས་ནས་གླུ་རུ་བླང་རྒྱུ་དེ་རེད།

ཁམས་སྐྱིད་མཚོས་ལོ་དུ་མའི་རིང་གི་རྗེས་ལ་མི་རྣམས་ཀྱི་ང་རང་ནི་རྫ་ཆུ་ཁར་རྩ་བ་ཚུགས་ཤིང་སྲོལ་རྒྱུན་གྱི་རྩ་བ་སྲུང་ཐུབ་ལ་དེ་ཉིད་དེང་རབས་སུ་ཁྱབ་སྒྲོག་ཐུབ་པའི་ལག་ལེན་བྱེད་མཁན་གྱི་རིག་རྩལ་ལས་དོན་པ་ཞིག་རེད་ཅེས་པའི་གདེང་འཇོག་ཅིག་འཐོབ་སོང་ན་ངའི་རེ་བ་གྲུབ་པ་ཡིན་ཞེས་བཤད་དོ།།

༼ ཀུན་དགའ་བསམ་གཏན་གྱིས་བྲིས། ༽