国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྔོ་ཡི་བུ་མོ་སྤུན་བདུན།

གཡའ་གངས་སྤང་ཆུ་སོགས་བསིལ་གནས་འཛིན་པའི་སྔོ་ཡི་ལྷ་མོ་སྤུན་བདུན་ཏེ། ཟུར་མཁར་མཉམ་ཉིད་རྡོ་རྗེས་མཛད་པའི《མན་ངག་བྱེ་བ་རིང་བསྲེལ》ནང་འཁོད་པའི་ཚ་བའི་ནད་ཀུན་གྱི་གཉེན་པོ་ལ་རྒྱུགས་པའི་སྔོ་ཡི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད་དྲི་མེད་ཟླ་ཟེར་ཞེས་སྙན་ཚིག་གི་ལམ་ནས་དྲངས་པའི་སྔོ་སྨན་དེ་དག་ངོས་འཛིན་དང་། རོ་ནུས་ཞུ་རྗེས་བཅས་ཚིག་ཉུང་དོན་དྲིལ་བ་ཞིག་སྟེ།

༡ གཡའ་ཀྱི་མ།

ཁྱད་པར་ངོས་འཛིན།《སྔོའི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། གཡའ་སྤང་ལྷ་ལྗོངས་སྐྱེས་པའི་གཡའ་ཀྱི་མ།། གསེར་གྱི་པ་ཏྲ་འཁྱིལ་བའི་སྣུམ་འོད་འབར།། མེ་ཏོག་རིན་ཆེན་བཞི་ཡི་ཕྲེང་བ་མཛེས།། ཁ་བསིལ་མཁྲིས་ཚད་ཞི་སྦྱོང་གཙོ་མོ་ལགས།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི4600ནས5500 བར་གྱི་ཁ་མཐོའི་བྱང་བལྟས་ཀྱི་གཡའ་སྤང་དང་། རྫ་ཤག། རྡོ་གསེབ་སོགས་སུ་སྐྱེ།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། མཁྲིས་ཚད་ཞི་སྦྱོང་སྐྱུགས།

༢ སྟོང་རི་ཟིལ་པ།

ཁྱད་པར་ངོས་འཛིན།《སྔོ་ཡི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། གངས་ཞོལ་གངས་ཆུར་སྐྱེས་པའི་ག་བུར་དང་།། རིགས་བདུན་གཡུ་འདབ་མཛེས་པའི་ལན་ཚར་ལ།། རིན་ཆེན་སྣ་ལྔའི་མེ་ཏོག་མཚོ་བུར་མཛེས།། བསིལ་ནུས་ཚད་རིམས་སེལ་བའི་གཙོ་མོ་ལགས།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི3200ནས5400བར་གྱི་དལ་བབ་ཀྱི་ཆུ་འགྲམ་དང་ཆུ་ཤུལ་སོགས་ས་བྱེ་འདྲེས་པའི་གནས་སུ་སྐྱེ།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། མེས་ཚིག་རྨ་དང་མཁྲིས་ཚད་དང་ཁྱད་པར་གབ་པའི་ཚ་བ་སེལ།

༣ གང་གཱ་ཆུང་།

ཁྱད་པར་ངོས་འཛིན།《སྔོའི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། གངས་ཅན་གཡའ་ཤག་སྐྱེ་བའི་གང་གཱ་ཆུང་།། ཟུར་ལོགས་མཆོད་རྟེན་བརྩེགས་འདྲའི་རྩེ་མོ་ལ།། རབ་མཛེས་ཨུཏྤལ་རྒོད་པོའི་ཆུན་པོས་བརྒྱན།། ཚ་བ་ཀུན་སེལ་ཚ་འཁྲུ་དུག་ནད་འཇོམས།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི4900ནས5200 བར་གྱི་ཁ་མཐོའི་རྫ་རིའི་རྩེ་དང་གཡའ་ཤག་སོགས་སུ་སྐྱེ།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། དུག་དང་ཚད་འཁྲུ་གཅོད་ཅིང་ཁྲག་མཁྲིས་སེལ།

༤ ཧོང་ལེན།

ཁྱད་པར་ངོས་འཛིན།《སྔོའི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། གཡའ་གངས་རྫ་མཐོ་འཛིན་པའི་གཡའ་རུག་མ།། ཟངས་ལུས་གཡུ་ལོ་མཆོང་གི་མེ་ཏོག་མཛེས།། རྐང་པ་ལྷ་བྱའི་བདུད་རྩིས་རྨ་ཚད་སེལ།། ཆུ་འཐུང་ཁྲག་མཁྲིས་འཁྲུགས་སེལ་གཙོ་མོ་ཡིན།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི4000ནས5300བར་གྱི་གཡའ་གངས་རྫ་མཐོ་དང་། རྫ་ཁྲེབ། རྫ་འདབས་སོགས་སུ་སྐྱེ་བའོ།།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། ཁྲག་མཁྲིས་རྒྱས་པའི་ཚ་བ་དང་དུག་ཚད་སེལ།

༥ སུམ་ཅུ་ཏིག།

ཁྱད་པར་ངོས་འཛིན།《སྔོའི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། གངས་ཅན་བྲག་རྫོང་འཛིན་པའི་སུམ་ཅུ་ཏིག། པད་གདན་ཟངས་གོས་གསེར་གྱི་ཕྲེང་བས་བརྒྱན།། རིགས་ལྔའི་ནུ་མོར་བཅས་པའི་བདུད་རྩི་དང་།། མཁྲིས་ཚད་རྩད་ནས་གཅོད་པའི་གཙོ་མོ་ལགས།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི3600ནས4200བར་གྱི་བྲག་ངོས་དང་། བྲག་གི་ཉེ་འགྲམ། སྤང་སྲུབས་སོགས་སུ་སྐྱེ།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། མཆིན་མཁྲིས་ཚ་བ་དང་རྨ་ཚད་གསོད་པ།

༦ བོང་ང་དཀར་པོ།

ཁྱད་པར་ངོས་འཛིན།《སྔོ་ཡི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། གཡའ་འདབས་བསིལ་ལྗོངས་འཛིན་པའི་བོང་ང་དཀར།། དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་ལ།། གཡུ་ལོ་དུང་གི་མེ་ཏོག་མཛེས་པས་བརྒྱན།། དུག་རིགས་མཁྲིས་ཚད་འཇོམས་པའི་གཙོ་མོ་ལགས།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི4000ནས5600བར་གྱི་རྫ་ཤག་དང་གཡའ་ཁྲོད་སོགས་སུ་སྐྱེ།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། རིམས་དུག་མཁྲིས་ཚད་དང་སྡིག་སྦྲུལ་ཟིན་པ་སེལ།

༧ སྤང་རྩི་དོ་བོ།

ཁྱད་པར་ངོས་འཛིན།《སྔོའི་བུ་མོ་སྤུན་བདུན་གྱི་རྟོགས་བརྗོད》ལས། རི་མཐོ་སྤང་ལྗོངས་འཛིན་པའི་དོ་བོ་ང།། མཆོང་བཀྲག་གཡུ་གོས་དུང་གི་རྐང་པ་ཅན།། རིམས་འཁྲུགས་ཚ་བ་གསར་རྙིང་དྲེག་གྲུམ་དང་།། ཁྲག་འཁྲུགས་རྒྱུ་གཟེར་འཇོམས་པའི་གཙོ་མོ་ལགས།།

སྐྱེ་གནས། ལྗོངས་ཡོངས་ཀྱི་ས་ཁད་སྨི1800ནས4800བར་གྱི་རི་མཐོའི་སྤང་ལྗོངས་དང་། རྩྭ་ཐང་། རྨོ་ཞིང་གི་ཉེ་འགྲམ་སོགས་སུ་སྐྱེ།

ངོ་བོ། རོ་ཁ། ཞུ་རྗེས་བསིལ།

རྐྱང་པའི་ནུས་པ། རིམས་དུག་ཚ་བ་གསར་རྙིང་དང་ཁྲག་འཁྲུགས་རྒྱུ་གཟེར་སེལ།།

༼ ནོར་བུ་ཚེ་རིང་དང་ཚོ་སྐྱིད་སྒྲོལ་མ་གཉིས་ཀྱིས་བྲིས།༽