国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྔོག་མི་ནུས་པའི་མི་སེམས་ཀྱི་ རི་མོ་ལྟ་བུའི་སྟོན་ཀ།

ཆེས་སྙན་པའི་ལུང་པའི་ནང་གི་ཆུ་སྒྲ། བར་མེད་དུ་རྣ་བའི་བུ་གའི་ནང་ལ་ཡང་ཡང་འཛུལ་ནས། རི་རྩེའི་ན་བུན་དང་སྨིག་རྒྱུ་དཀར་པོ་དེའང་། དར་དཀར་པོ་སྲིད་དུ་རིང་བ་ཞིག་འཐེན་པ་དང་མཚུངས་ཤིང་། བར་བར་ལ་རྣ་བའི་བུ་གའི་ནང་ལ་འཛུལ་འོངས་པའི་ཆུ་སྒྲ་སྙན་མོའི་ནང་། ཤིང་གི་ལོ་མ་གསེར་མདོག་ཅན་ཞིག་ལྷུང་ཞིང་། གསེར་མདོག་གི་ལོ་མ་སེར་པོ་དེ། སྟོད་ཀྱི་རི་རྩེ་ནས་ལུང་གཤོངས་ཀྱི་གཟར་ངོས་ལས་འབབ་པའི་ཆུའི་ལྦུ་བ་བསགས་པའི་ནང་དུ་ལྷུང་ཞིང་། ཆེས་ཆེར་གཟར་བའི་ངོས་ལས་ཆུའི་ལྦུ་བའི་ནང་དུ་ལྷུང་བའི་གསེར་མདོག་གི་ལོ་མ། བདུད་རྩི་དེམ་ཕོར་གྱི་ནང་ལ་བླུག་སྐབས། རབ་ཏུ་དཀར་བའི་ལྦུ་བ་འཕེལ་དང་འཕྱུར་བ་ཇི་བཞིན་དང་གཉིས་སུ་མེད་པའི་ཆུའི་ལྦུ་བ་འཁོར་བ་དང་མཉམ་དུ། གསེར་མདོག་གི་ལོ་མ་རེ་འགའ་ཆུའི་གཏིང་ལ་ནུབ་པ་དང་། ཆུའི་ལྦུ་བ་དང་གྲ་བསྡེབས་ནས་བར་མེད་དུ་འཁོར། ཆུ་འགྲམ་དུ་བཞད་པའི་ཤིང་སྡོང་དག་གི་ཡལ་གའི་སྟེང་། བྱིའུ་ཁྱུས་ཀྱུར་ཀྱུར་སྒྲ་སྒྲོག་ཅིང་། མཉེནཞིང་གཡོ་བའི་ལྕུག་རྒྱུན་གྱི་ཤིང་ལོ་དག་སྐྱི་བསེར་རླུང་གིས་འདར་ཞིང་གཡོ་བར་བགྱིས། ཆུའི་འགྲམ་དང་ཆུ་ངོགས་སུ་བཀྲ་བར་ལྷུང་བའི་གསེར་མདོག་གི་ལོ་མ་དེ་དག། གསེར་བྱེ་ཐང་ལ་བརྡལ་བ་བཞིན་དུ་ཅི་འདྲའི་མཛེས་ཤིང་། ཅི་འདྲའི་ལྟ་ན་སྡུག་པ་ཞིག་རེད།

སྟོན་ཀའི་སྲོད་དུས་འདིར། ཤར་ཕྱོགས་ཀྱི་བྲག་གི་དབུ་རྩེ་མཐོན་པོ་ལས། དུང་དཀར་པོ་དང་འདྲ་བའི་དུང་མདོག་གི་ཟླ་བ་ཉ་གང་ཞིག། བར་སྣང་དགུན་ཆེན་སྟོང་བའི་དབྱིངས་སུ། རབ་ཏུ་སྔོ་ཞིང་བསངས་པའི་དབུས་སུ་ཐིག་ལེ་འཁྱིལ་བ་བཞིན་དུ་འོད་དཀར་ལྷང་ངེ་གསལ་བའི་དུས། ཕུ་ན་རྔམ་བརྗིད་ལེའི་ངང་ལ་འགྱིང་བའི་གངས་རི་དཀར་པོའི་དབུ་རྩེ་ལ་སྤྲིན་དཀར་གྱི་ལ་ཐོད་བཅིངས་ཤིང་། ནགས་ཚལ་གྱི་དབུས་སུ་གངས་ཆབ་འབབ་པའི་རྦ་ཀློང་གི་རླབས་སྒྲ། གཡས་དང་གཡོན། གནས་མ་ངེས་པའི་ཕྱོགས་ནས་བར་མེད་ལ་རླུང་བུ་ལྡང་སྐོར་ཞིག་གིས་ས་ལ་བཀྲམ་ཞིང་མཆོད་པའི་གསེར་མདོག་གི་ལོ་མ། གསེར་མདོག་གི་ལོ་མ་དང་འདྲ་བའི་ཤིང་ལོ་དེ་དག། ཁྱམས་རའི་རྡོ་གཅལ་ཕྲ་མོའི་སྟེང་ལ་ལམ་མེར་ཡོད་པ། དུས་ཚོད་མ་ངེས་པའི་ནང་ལ་འཐོར་བ་ཅི་ལ་མིན། ཁྱམས་རའི་རྡོ་གཅལ་ཕྲ་མོ་བརྒྱུད་དེ་ཤག་ཆུང་ལས་མེད་པའི་གནས་མལ་གྱི་ནང་ལ་འབྱོར་རྗེས། ངའི་ཤག་ཆུང་གི་སྒེའུ་ཁུང་ཕྱེས་པའི་ནང་དུ། ཤིན་ཏུ་བསིལ་བའི་རླུང་བུ་འཇམ་པོ་ཞིག། ཅོག་ཙེའི་སྟེང་ནས་བུད་དེ། ཅོག་ཙེའི་སྟེང་གི་ཟིན་དེབ་ཀྱི་ཤོག་ལྷེ་སྲབ་མོ་དེའང་ཅུང་ཙམ་གཡོ་ཞིང་། དཔེ་སྒྲོམ་བཞེངས་བསྐྲུན་བྱས་ཡོད་པའི་ཕར་ངོགས་ཀྱི་ངོས་སུ་སྦྱར་ཡོད་པའི་རས་ཀྱི་སྐུ་ཐང་དེའང་ཅུང་ཙམ་འགུལ། སྐུ་ཐང་ཅུང་ཙམ་འགུལ་བའི་ངང་། སེམས་ཀྱི་མེ་ལོང་ལ། སྟོན་ཀའི་གསེར་མདོག་གི་ལོ་མ་དང་ཤིང་ལོའི་མེ་ཏོག། ཕྱོགས་དང་ཕྱོགས་སུ་ཁྱབ་པའི་དུས་ཚོད་འདིའི་ནང་། ནང་སེམས་ཀྱི་སྐད་ཆ་མང་པོ་གསེར་མདོག་གི་ལོ་མ་དང་སྡེབ་བསྒྲིགས་བྱས་ཏེ། ཀློག་པ་པོ་དེ་དང་དེའི་མཐོང་བའི་མིག་ལ་ཕུལ་ཅིང་། ཁྱོད་ཀྱང་བདག་གི་གསེར་མདོག་གི་ལོ་མ་ལ་བྲིས་པའི་འཕྲིན་ཡིག་འདི་དང་འདི་ལ་མཇལ་བའི་སྐལ་བ་ཅི་ལ་མེད།

འོད་ཟེར་འཕྲོ་ཞིང་ཤར་བའི་གསེར་མདོག་གི་སྟོན་ཀའི་ལོ་མ། བོད་གངས་ཅན་གྱི་རི་ལུང་ཀུན་ཏུ་ཁྱབ་པར་གྱུར། དེ་ནི་ཤར་རྩེ་ནས་ཉི་མ་ཤར་བ་ཇི་བཞིན། འོད་ཟེར་འཕྲོ་ཞིང་མིག་གི་མཛེས་སྡུག་ལ་བཀྲ། སྟོན་ཀའི་མཛེས་སྡུག་ལས་ངོམ་པའི་གསེར་མདོག་རེ་རེའི་མཛེས་སྡུག། གསེར་མདོག་གི་ལོ་མ་དང་འབྲེལ་ཞིང་། གསེར་མདོག་གི་ལོ་མ་ནས་གསེར་མདོག་གི་རི་བོ། གསེར་མདོག་གི་ས་གཞི། གསེར་མདོག་གི་འཇིག་རྟེན། ཆེས་ཡིད་དུ་འོངས་པའི་སྟོན་ཀ་དང་སྟོན་ཀའི་ནང་། སྙན་ངག་པའི་དེབ་གསར་གྱི་སྟེང་ལ་ལམ་མེར་ལྷུང་བའི་གསེར་མདོག་གི་ལོ་མ། བུད་མེད་གཞོན་ནུ་མའི་ལང་ཚོའི་མཛེས་སྡུག་གི་ལེ་ཚན་ཅིག། སྟོན་ཀའི་གསེར་མདོག་གི་ལོ་མ། སྙན་ངག་གི་མགུར་གླུ་ལེན་པའི་བཙུན་པ་དེའི་གཟན་ཤམ་གྱི་ཐུ་འོག་ན་ཡོད་ལ། འཇིག་རྟེན་མཐུན་འཇུག་དང་བྲལ་བའི་བཙུན་མ་དེའི་སྤྱན་ཆབ་ཀྱི་བརླན་པའི་གཟན་སྣེའི་སྣེ་མོའང་གསེར་མདོག་གི་ལོ་མ་དང་སྡེབ། དུས་ཚོད་ངེས་མེད་ནང་འཐོར་བའི་སྟོན་ཀའི་གསེར་མདོག་གི་ལོ་མ་རེ་རེ་ལས། མི་རེ་རེའི་ངང་སྒུག་དང་རྟ་ཕོ་ཞིག་གི་སྣང་བརྙན་ཡིད་ལ་འཁོར་འོངས། སྙིང་ལ་ཝ་ལེར་གསལ་བའི་བུད་མེད་གཞོན་ནུ་མའི་སྐྲ་བདག་ཅིག་གི་སྐུ་ཚེའི་གཏམ་རྒྱུད་ཀྱི་སྐྱོ་གླུ་དལ་བ་དལ་བུར། མི་ཞིག་གིས་སྲོད་དུས་སུ་སྨྲེང་བའི་ངག་ལས་ཡང་ཡང་གླུ་དང་གླུ་ལ་ལེན་པའི་གཟུགས་བརྙན་ཞིག་ཡིད་ལ་བར་བར་འཁོར། སྟོན་ཀ་སྨྲེང་གཞས་ཡིན་ལ། སྟོན་ཀ་མཛའ་གཞས་ཤིག། སྟོན་ཀ་སྔོག་མི་ནུས་པའི་མི་སེམས་ཀྱི་རི་མོ་ཞིག་ཀྱང་ཡིན་འདྲ།

སྔོག་མི་ནུས་པའི་མི་སེམས་ཀྱི་རི་མོ་ལྟ་བུའི་སྟོན་ཀ། ངའི་ནང་སེམས་འདི་རུ་འདས་དོན་གྱི་ཤིང་ལོ་ལས་བཞད་པའི་སྣང་བརྙན་དུ་མའི་ལོ་མ་ཐོར་བྱུང་། སྟོན་ཀའི་ལོ་མ་ལ་འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་རེའི་གཏམ་རྒྱུད་དང་སྣང་བརྙན་གྲ་སྡེབ་ཡོད་དམ་ཅི། ངའི་མིག་ལ་རྣམ་པར་བཀྲ་བའི་ལོ་མ་དང་ལོ་མ་འདི་ལས་བུད་མེད་དང་སྐྱེས་པ་ཞིག། བཙུན་པ་ཞིག་དང་ཆང་མ་ཞིག། སྙན་ངག་པ་ཞིག་དང་མཛའ་གྲོགས་བཅས་ཀྱི་ལས་དབང་གི་རི་མོའི་སྲུབས་ཀ་ལ་ཡོད་པའི་སྨྲེང་གླུ་དང་ངང་སྒུག། མིག་གིས་གཅེས་པར་ལྟ་ཞིང་། སེམས་ཀྱིས་མཇལ་བར་སྨོན་པའི་མི་སེམས་ཀྱི་དྲན་གླུ་དང་མིག་ཆུའི་ཟ་ཟི། སྟོན་ཀའི་ལོ་མ་དང་གསེར་མདོག་གི་ལོ་མའི་སྟེང་ལ་ཆུ་ཐིགས་བཞིན་དུ་འཁྱིལ་འདུག། སྟོན་ཀ། ང་སྨྲེང་ཞིང་སྨྲེང་ཞིང་། སྙན་ངག་གི་ཆང་དྲན། སྔོག་མི་ནུས་པའི་མི་སེམས་ཀྱི་རི་མོ་ལྟ་བུའི་སྟོན་ཀ།

༼ ཆོས་འབྱོར་རྒྱ་མཚོ། ༽