国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡོད་ཚད་ཀྱི་ ཡང་སྙིང་།

ན་ཆུང་བྱིས་དུས་རྩེ་ར་གཅིག་གི་ནང་།།

འདང་བརྩེ་པང་གང་བཟུང་ནས་ནར་སོན་ཞིང་།།

འདུན་མའི་རེ་འདུན་ཁྱོད་ཀྱི་གམ་དུ་བསྙལ།།

ཚེ་གཅིག་ལུས་ཀྱི་སེམས་རྟེན་ཉིད་དུ་བྱས།།

དར་མའི་ལང་ཚོའི་འཇའ་སྤྲིན་འཁྱུད་པའི་དྲུང་།།

བར་ཐག་རི་ཆུས་བཅད་ཀྱང་དུང་ཞེན་གྱིས།།

འཁང་ཞིང་ཁ་ཆད་བྱེད་པའི་ལབ་ཙེའི་རྩེར།།

དར་ལྕོག་དཀར་དམར་གཡབ་པའི་རི་སྒང་ན།།

སྙིང་གཏམ་ཤུབ་ཤུབ་བཤད་པའི་གཞོན་ཟུང་ཉིད།།

མཇུག་མཐའི་རེ་བ་ཉག་གཅིག་ཡིད་མཁའ་རུ།།

བཟུང་ཞིང་ངག་འཇམ་ཚིག་ལ་བརྒྱུས་པ་ཡི།།

རྒྱང་རིང་ལྷིང་འཇགས་འཚོ་བའི་ཡུལ་ངོས་ནས།།

མཉམ་འཛོམས་ཚེ་གཅིག་སྐྱ་ཡའི་འདུན་མ་ལས།།

དམིགས་ཡུལ་མེད་ཀྱང་ལས་ཀྱི་བདས་པ་ཡིས།།

མི་སྡོད་གཞན་ཡུལ་འགྲིམ་པའི་ཞག་འགའ་དྲུང་།།

སྐྱིད་སྣང་སེམས་སུ་ཚོར་བའི་འདོད་གདུང་གི།

དྲོད་ཁོལ་སྙིང་ལ་སིམ་པའི་ཡིད་འཕྲོག་མ།།

རྒྱུ་འབྱོར་དཔོན་ཐོབ་དམིགས་པའི་འདོད་རྔམ་གྱི།།

མི་འདོད་གནས་ཡུལ་སྦྱིན་པའི་མ་ལོའི་བཀའ།།

བཟློག་མེད་ལས་ཀྱིས་བསྐོས་པའི་ཁ་ཡིག་གྱུར།།

ཉིན་མཚན་དབྱེར་མེད་གྲོགས་ཀྱི་མཐར་ཐུག་དེར།།

སྒུག་པའི་མིག་ཆུ་ཕྱིར་དྲན་ཐང་ལ་གཏོར།།

དྲན་པའི་གདུང་བ་སྙིང་རྩ་འཕར་ལ་བཅང་།།

སྐྱོ་སྡུག་ཁྲོད་ཀྱི་མཛེས་པའི་ཞལ་སྒོ་འདིས།།

སྲོལ་ངན་རྒྱུན་གྱི་དེ་ཉིད་མངོན་དུ་བྱས།།

མཛེས་ལྡན་རྩྭ་ཐང་གསེར་མོའི་པང་ཁུག་ལ།།

བག་ཕེབས་དང་པོ་གྲོགས་ཀྱི་འདང་བརྩེ་ཉིད།།

སེམས་ལ་སྒོམ་པའི་སྒེག་ལྡན་བྱམས་པའི་ཞལ།།

མ་མཇལ་ཞག་འགའི་སྣང་བ་ལོ་ཟླ་ཉིད།།

ཐུག་འཕྲད་དར་ལྕོག་ཟད་པའི་འགྲམ་ནས་བསླངས།།

ཤ་རུས་གསེབ་ལ་ཐིམ་པའི་དགའ་མ་དེ།།

མི་འདོད་གནས་ཡུལ་སྦྱིན་པའི་མིག་ཆུའི་རྒྱུན།།

ཁྲེལ་ལྡན་གཞུང་བཟང་བུ་ཡི་མདུན་ས་རུ།།

བརྩེ་བའི་ཚིག་ཕྲེང་ངག་ལ་བརྒྱུས་པའི་ཚེ།།

གཞན་ཡུལ་འགྲིམ་པའི་ཞེ་ཐག་ཁོང་ནས་བཅད།།

ཡིན་ཡང་ཤ་ཁྲག་ཟུངས་ལྡན་གདོས་བཅས་ལུས།།

བསྐྱེད་ཅིང་རང་ལུས་ཕངས་མེད་བུ་ཡི་ཆེད།།

གཏོང་བའི་མ་རྒན་གྲུ་བཞིའི་ཁང་ཕུག་ནས།།

འདོར་བ་ཡིད་ལ་འཁོར་ཚེ་བུ་ཡི་སེམས།།

གྲང་ངར་སད་ཀྱིས་བཅོམ་པའི་གདུང་བས་མནར།།

བློ་ཁོག་རི་དང་རྒྱ་མཚོ་གཏིང་ཟབ་པའི།།

མ་ཡིས་གནང་བའི་ཁ་ཡིག་ལམ་ཆེན་འདིས།།

གཞོན་ཆུང་སེམས་ཀྱི་རེ་བའི་དྭངས་མ་རུ།།

རམ་འདེགས་ཚད་ཀྱི་བརྗོད་ཐབས་བྲལ་བར་བྱས།།

སྐྲ་བདག་ཅན་གྱི་དགའ་མ་མཐིང་སྨུག་སྦྲའི།།

འགྲམ་ནས་འགྲེངས་ཏེ་རང་སྡེར་ཕྱུག་མོ་ཡི།།

ཕྱོགས་སུ་ལྟ་ཞིང་རོགས་ཀྱིས་བསྐུལ་བའི་ཚིག།

སྒྲ་འཛིན་བུ་གའི་གསེབ་ཏུ་འཕོས་པའི་དུས།།

བརྗོད་བྲལ་བདེ་བའི་མཆོག་ཉིད་ཐོབ་པ་མངོན།།

འདོ་རིགས་རྟ་ཕོའི་གོམ་པའི་མྱུར་འགྲོས་ཀྱི།།

རི་ཆུ་སྟོང་ཕྲག་བརྒལ་བའི་ཕར་ནང་ནས།།

ཡིད་མཐུན་སེམས་རྟེན་རེ་བའི་འདུན་ས་རུ།།

བསུ་བའི་དམིགས་ཡུལ་མ་ཡིས་འགྲུབ་པར་བྱས།།

མི་ལོ་གསུམ་བཞིར་མཐར་གྱིས་སླར་མཇལ་འདི།།

ཨ་མ་རྒན་མོའི་སྙིང་གི་དྲོད་ལ་སིམ།།

ལྷ་བསང་མཆོད་ཕྲེང་རྒྱུས་པའི་ལས་ཚིགས་འདིས།།

བུ་ཡི་ལས་ལམ་བར་ཆད་བཟློག་པར་མཛོད།།

༼ སྒང་ཁྱུང་སྐྱེས། ༽