国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབུས་ཀྱི་ མགུར།

ལྷ་སའི་གླིང་ལ་ཆས་པས།།

རི་བོ་གྲུ་འཛིན་ཞོལ་ནས།།

རིག་འཛིན་ཚངས་དབྱངས་རྒྱ་མཚོའི།།

ལྷ་ཁང་གྲུབ་བཞི་མཇལ་སོང་།།

དྲན་པ་ཆུ་ཡི་ཆུ་རེད།།

གླུ་འདི་ཚངས་དབྱངས་མགུར་རེད།།

དབུས་ཀྱི་ལྕགས་པོ་རི་ཡང་།།

ཨ་ཇོ་དྲན་པའི་རྟེན་རེད།།

གཡུ་ཐོག་ཟམ་པའི་ཚུར་ཤོད།།

མེ་ཏོག་ལྡུམ་རའི་ཁ་གཏད།།

གཅིག་པུ་ཡུན་རིང་འགྲེངས་ཏེ།།

ཚངས་རྒྱལ་ཞེ་རུ་བྲིས་ཡོད།།

ཤར་རིའི་རྩེ་ཡི་རྟ་བདུན།།

མ་སྐྱེས་ཨ་མའི་ཁང་བཟང་།།

དེ་དང་དེ་གཉིས་བར་ན།།

གསེར་འོད་ལམ་ལམ་འཕྲོ་འདུག།

ཨ་ཇོ་འདི་རུ་ཕེབས་ནས།།

མི་ལོ་དུ་མ་ཟིན་ཀྱང་།།

དཀར་ཡོལ་འབྲུག་མའི་ནང་གི།

གསོལ་ཇ་ད་དུང་མ་གྲང་།།

བར་སྐོར་ལམ་གྱི་དད་ལྡན།།

དད་པས་མྱོང་སྟངས་མི་འདྲ།།

བྲང་ལ་བསྣོལབའི་ཕྱག་ཟུང་།།

ཨ་ཇོའི་སེམས་ཉིད་འདྲ་ལེ།།

ཉི་མའི་གྲོང་གི་བརྩེ་མགུར།།

ལི་ཐང་བར་གྱི་རྐང་རྗེས།།

སེམས་ཀྱི་ངོས་སུ་བྲིས་ན།།

ཨ་ཇོའི་རྣམ་ཐར་དྲན་ཡོང་།།

ལྷ་ལྡན་གཙུག་ལག་ཁང་སོགས།།

སྤྱན་གྱིས་གཟིགས་ཕྱོགས་མང་བས།།

ང་དང་ཚངས་མགུར་བར་ནས།།

ཨ་ཇོའི་ལས་དབང་རྙེད་འདྲ།།

བརྩེ་མགུར་ནང་གི་ལྷ་མོ།།

འཕྱོངས་རྒྱས་སྒྲོལ་མ་ཨེ་རེད།།

དབྱངས་ཀྱི་སོར་མོའི་བར་ནས།།

སྒྱུ་མའི་ཟློས་གར་མཐོང་སོང་།།

སྟོན་མཇུག་སྡོང་པོ་བགྲེས་དུས།།

ཁུ་བྱུག་མོན་ཡུལ་འཕུར་འགྲོ།།

དེ་དུས་ཚངས་སྲས་འཁྱམ་པོས།།

རང་ཡུལ་དྲན་ནས་སྨྲེང་སྐད།།

ཀྱེ་ཀྱེ་དབྱངས་ཅན་ལྷ་མོས།།

མངལ་ནས་སྐྱེས་པ་འདྲ་བའི།།

ས་མཐའི་ཚངས་དབྱངས་རྒྱ་མཚོ།།

བར་སྐོར་ལམ་ནས་དྲན་བྱུང་།།

ཨ་ཇོ་དྲན་པའི་གདུང་བ།།

བཅོས་རྒྱུ་མེད་པའི་ནད་རེད།།

མི་ཚོགས་བཤར་བའི་སྲང་ལམ།།

ཇོ་ཇོ་ཕེབས་སའི་གནས་རེད།།

༼ འོད་འཛིན་མ། ༽