国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབེན་ཁྲོད་ཀྱི་གླུ།

ཚེ་འདིར་ལས་དབང་ཞིག་གིས་ངུར་སྨྲིག་དང་འགྲོགས་ཀྱང་།།

ཕྱི་མའི་བཞུད་ལམ་ཨེ་བདེ་ཆ་འཇོག་ཅིག་མེད་པས།།

མི་ཚེ་འཚོ་བའི་རིན་ཐང་བསམ་གཞིག་གི་ཀློང་ནས།།

སེམས་ཚོར་དབྱངས་དང་འདྲེས་པའི་གླུ་ཆུང་ཞིག་ལེན་ནོ།།

གང་སྣང་སྒྱུ་མའི་ཆོ་འཕྲུལ་འཁོར་བ་ཡི་རང་མཚང་།།

སྣ་ཚོགས་བསླུ་བྲིད་མཁས་པ་སྲིད་པ་ཡི་ཕུན་ཚོགས།།

ཡོད་ཚད་རྨི་ལམ་ལྟ་བུའི་ངེས་ཤེས་ཤིག་རྙེད་དེ།།

ཆོས་ལ་ཆོས་བཞིན་སྐྱོང་བའི་འདུན་པ་ཞིག་བྱུང་ན།།

མེས་པོ་གོང་མ་རྣམས་ཀྱི་ཟེར་སྒྲོས་ལ་མི་གཡེང་།།

གསར་སྐྱེས་གཞོན་ནུའི་གཏམ་ལ་ཆ་འཇོག་རེ་བྱེད་ཞོར།།

ཨུ་ཚུགས་ལྟ་བ་མཁྲེགས་པོ་རྒྱང་རིང་དུ་དོར་ནས།།

ངེས་དོན་ཉིང་ཁུ་འཚོལ་བའི་མི་བུ་ཞིག་བྱུང་ན།།

མ་གྱུར་སེམས་ཅན་བསམ་པའི་སེམས་བསྐྱེད་ཅིག་མེད་རུང་།།

བསྟན་འགྲོའི་དོན་ཆེན་སྙམ་པའི་མིག་རྒྱང་དེ་དབེན་རུང་།།

ཕྱི་ཚུལ་གཞན་དོན་ཟེར་བའི་གཡོ་རྫུན་དེ་དོར་ནས།།

རང་མགོ་རང་གིས་ཐོན་པའི་དགེ་སྦྱོང་ཞིག་བྱུང་ན།།

དཔལ་འབྱོར་གཙོ་སྒྲུབ་མཁས་པའི་དྲན་འཕྲུལ་ནི་མ་མཆིས།།

ཐོབ་དང་གོ་ས་རེ་བའི་གཡོ་སྒྱུ་ནི་མི་མངའ།།

ཤེས་བྱའི་དེ་ཉིད་འཚོལ་བའི་ཁེར་རྐྱང་གི་ལམ་ནས།།

རང་ཁ་རང་གིས་གསོས་པའི་བྱ་བཏང་ཙམ་བྱུང་ན།།

བདེན་བདེན་ཚིག་འཁྲི་སྐམ་པོའི་བསླུ་ཁྲིད་ལ་གཡེང་ནས།།

ཡོད་ཚད་འཁོར་གསུམ་སྐོར་བའི་རིགས་པ་ཞིག་མེད་ཀྱང་།།

ངེས་དོན་སྐྱེས་ཆེན་དག་གི་ཟབ་རྒྱས་ཀྱི་གསུངས་ལས།།

རང་རང་སེམས་ལ་ཕན་པའི་གོ་རྟོགས་རེ་སྨིན་ན།།

བལྟས་ན་རྫིག་རྫིག་འདྲ་བའི་ཆོས་ཁྲི་ལ་འཛེགས་ཏེ།།

བཀའ་ཡི་དགོངས་པ་འགྲེལ་བའི་རྣམ་དཔྱོད་ཀྱིས་སྟོང་ཡང་།།

ལུང་རིགས་ཟུང་དུ་འབྲེལ་བའི་མཛེས་ལྗོངས་ཀྱི་དབུས་ནས།།

ལྟ་གྲུབ་རང་ཚུགས་ཐུབ་པའི་མཁས་པ་ཞིག་བྱུང་ན།།

བསྟན་པའི་རྒྱལ་མཚན་སྒྲེང་བའི་ཤེས་རབ་ཀྱིས་དབུལ་བས།།

མི་ཆེན་ཁྲི་ལ་རྩོད་པའི་འཚང་ཀ་དེ་གཡུགས་ནས།།

ཚུལ་ཁྲིམས་དྲི་བཟང་འཐུལ་བའི་ངུར་སྨྲིག་གི་ཀློང་ནས།།

རང་ངོ་རང་གིས་ཤེས་པའི་བློ་ལྡན་ཞིག་བྱུང་ན།།

ལོ་མང་ཐོས་བསམ་བགྱིས་པའི་ངལ་བ་ཡི་ཁྲོད་ནས།།

རྣམ་ཤེས་བདེ་ཆེན་འདྲེན་པའི་མཐུ་སྟོབས་ཤིག་མེད་རུང་།།

བླང་དོར་གནས་ལ་རྨོངས་པའི་འཁྲི་ཤིང་དེ་གཏུབས་ཏེ།།

ཕྱི་མ་རང་ལ་ཕན་པའི་རྣམ་དཀར་རེ་གྲུབ་ན།།

༼ དམར་ཁ་ཚ། ༽